དེའི་དུས་སུ་ཉེ་གནས་ཀྱི་གྲངས་འཕེལ་བ་ལས། ཧེལ་ལེན་མ་མོ་རེང་མ་ཚོར་ཉིན་རེའི་ཁ་ཟས་འབྲེམ་པ་ལ་སྣང་བ་ཡེལ་བས། ཧེལ་ལེན་པའི་སྤུན་ཚོས་ཨིབ་རི་པ་ཚོར་ཟུར་ཟ་བྱས་སོ།  བཅུ་གཉིས་པོས་ཉེ་གནས་ཀྱི་ཚོགས་བཀུག་ནས་དེ་ཚོར། ང་ཚོས་དཀོན་མཆོག་གི་བཀའ་འཆད་པ་བཞག་ནས། ཁ་ཟས་འབྲེམ་པའི་ལས་བྱེད་པ་མི་རིགས་སོ།  དེའི་ཕྱིར་སྤུན་རྣམས། ལས་ཚན་འདིར་བསྐོ་བའི་ཕྱིར་དུ། ཁྱེད་ཀྱི་ནང་ནས་མིང་བཟང་ཞིང་དམ་པའི་ཐུགས་ཉིད་དང་ཤེས་རབ་ཀྱིས་གང་བའི་མི་བདུན་འདོམས་ཤིག  ཡང་ང་ཚོ་ཐུགས་དམ་དང་བཀའ་སྒྲོག་པའི་ཞབས་ཏོག་ལ་འབུང་བར་བྱའོ།  ཞེས་གསུངས་པར་ཐམས་ཅད་དགའ་སྟེ། དད་པ་ཆེ་ཞིང་དམ་པའི་ཐུགས་ཉིད་ཀྱིས་གང་བའི་སེ་ཏེ་ཕན་བྱ་བའི་སྐྱེས་བུ་དང་། ཕི་ལིབ་དང་། པོ་རོ་ཀོ་རུ་དང་། ནི་ཀ་ནོར་དང་། ཏི་མོན་དང་། པར་མེ་ནཱ་དང་། ཨན་ཏི་ཡོག་པ་སློབ་གསར་ནི་ཀོ་ལཱ་འདམས་སོ།  དེ་དག་སྐུ་ཚབ་རྣམས་ཀྱི་དྲུང་དུ་ཕུལ་བ་དང་། ཁོང་ཚོས་སྨོན་ལམ་བཏབ་ནས། ཕྱག་དབང་གནང་ངོ་༎
 དཀོན་མཆོག་གི་བཀའ་དར་ནས། ཡེ་རུ་ཤ་ལེམ་དུ་ཉེ་གནས་ཀྱི་གྲངས་ཤིན་ཏུ་འཕེལ་ཏེ། བླ་མ་མང་པོའང་དད་པ་འདིའི་བཀའ་འབངས་སུ་གྱུར་ཏོ༎
 སེ་ཏེ་ཕན་ལ་ཐུགས་རྗེ་དང་མཐུ་སྟོབས་ཀྱིས་གང་སྟེ་མི་སྡེའི་ནང་དུ་ངོ་མཚར་ཆེ་བའི་ལས་དང་ལྟས་བསྟན་ཏོ།  ལི་བེར་ཏིན་དང་། ཀི་རེ་ནེ་དང་། ཨ་ལེག་སན་དྲི་ཡཱ་དང་། ཀི་ལིག་དང་། ཨ་སི་ཨ་པའི་འདུ་ཁང་ལ་གཏོགས་པ་ཁ་ཤས་ལངས་ནས་སེ་ཏེ་ཕན་དང་རྩོད་པ་བྱས་ནས། ༡༠ སེ་ཏེ་ཕན་གྱིས་ཤེས་རབ་དང་ཐུགས་ཉིད་ཀྱི་ངང་ནས་གསུངས་པར་ཁ་ཡ་མ་ཐུབ་པས། ༡༡ མི་འདིས་མོ་ཤེ་དང་དཀོན་མཆོག་ལ་སྐུར་པ་བཏབ་པ་ང་ཚོས་ཐོས་སོ་ཞེས་སྨྲ་བར་དེ་ཚོས་མི་ཁ་ཅིག་ལ་བསླབས་སོ། ༡༢ ཡང་དེ་ཚོས་ཡུལ་མི་དང་། རྒན་མི་དང་། མཁན་པོ་རྣམས་དཀྲུགས་ནས། ཁོང་གི་ཐོག་ཏུ་འོངས་ཏེ་བཟུང་ནས་གྲོས་འདུན་པའི་དྲུང་དུ་ཁྲིད་དེ། ༡༣-༡༤ རྫུན་གྱི་དཔང་པོར་ལངས་ཏེ་འདི་སྐད་དུ། མི་འདིས་ན་ཙཱ་རེད་པ་ཡེ་ཤུས་གནས་འདི་བཤིག་ནས་མོ་ཤེས་ང་ཚོར་བཏད་པའི་སྲོལ་རྣམས་སྒྱུར་བར་བྱའོ། ཟེར་བ་ང་ཚོས་ཐོས་ཤིང་། གནས་དམ་པ་འདི་དང་བཀའ་ཁྲིམས་ལ་རྒྱུན་ཆད་མེད་པར་སྐུར་པ་འདེབས་སོ་ཞེས་སྨྲས་པ་དང་། ༡༥ འདུན་སར་ཚོགས་པ་ཐམས་ཅད་ཀྱིས་སེ་ཏེ་ཕན་ལ་མིག་ཕུར་ཚུགས་སུ་བལྟས་པ་ལས། ཁོང་གི་ཞལ་རས་ནི་ཕོ་ཉའི་ཞལ་རས་དང་འདྲ་བ་ཡོད་པ་མཐོང་ངོ་༎