༧
བླ་ཆེན་གྱིས། དེ་ལྟར་ཡིན་ནམ་དྲིས་པ་དང་། ༢ སེ་ཏེ་ཕན་གྱིས། ངའི་སྤུན་དང་ཕ་རྣམས་གསོན་ཅིག ང་ཚོའི་མེས་པོ་ཨབ་ར་ཧམ་གྱིས་གནས་ཧ་རན་དུ་གཞི་མ་བཟུང་བའི་སྔོན། མེ་སོ་པོ་ཏ་མི་ཨ་ན་གནས་པའི་དུས་སུ། དཔལ་དང་ལྡན་པའི་དཀོན་མཆོག་གིས་ཞལ་གཟིགས་ནས་དེ་ལ། ༣ ཁྱོད་ཀྱི་ཡུལ་དང་གཉེན་བཤེས་རྣམས་ཞོག་ལ་ངས་སྟོན་པར་བྱ་བའི་ཡུལ་དུ་སོང་ཞིག་གསུངས་ནས། ༤ ཀལ་དཱིའི་ཡུལ་སྤངས་ནས་ཧ་རན་དུ་གནས་སོ། ཕ་གྲོངས་པའི་རྗེས་སུ། དཀོན་མཆོག་གིས་ཁོང་དེ་ནས་ཕྱུང་སྟེ་ད་ལྟ་ཁྱེད་གནས་པའི་ཡུལ་འདིར་ཁྲིད་དེ། ༥ ནོར་སྐལ་མ་གནང་བ་མ་ཟད་ཁྲུ་གང་ཙམ་གྱི་ས་ཡང་མ་གནང་བར། བུ་མེད་རུང་ཁྱོད་དང་ཁྱོད་ཀྱི་བུ་བརྒྱུད་ཀྱི་ལག་ཏུ་གནང་འོང་ཞེས་ཞལ་ཆད་མཛད་དོ། ༦ ཡང་དཀོན་མཆོག་གིས་འདི་སྐད་དུ། ཁྱོད་ཀྱི་བུ་བརྒྱུད་གཞན་གྱི་ཡུལ་ལ་གནས་ཏེ། གཞན་དེས་ཁོང་རྣམས་ཚེ་གཡོག་ཏུ་བཞག་ནས། ལོ་བཞི་བརྒྱའི་བར་དུ་ངན་བྱེད་པར་འགྱུར་རོ། ༧ ཁོ་ཚོ་ཚེ་གཡོག་ཏུ་བཞག་པའི་མི་བརྒྱུད་ལ་ངས་ཆད་པ་གཅོད་པར་བྱ། དེའི་རྗེས་སུ་ཁོ་ཚོ་ཕྱིར་ཐོན་ཞིང་གནས་འདིར་ང་ལ་བསྙེན་བཀུར་བྱེད་པར་འགྱུར་རོ་ཞེས་གསུངས་ནས། ༨ མདུན་ལྤགས་གཅོད་པའི་སྲུང་བྱ་གནང་ངོ་། དེ་ལྟར་ཨབ་ར་ཧམ་ནས་ཨི་སཱག་ཆད་ནས། ཞག་བརྒྱད་པ་ལ་དེའི་མདུན་ལྤགས་བཅད་དོ། ཨི་སཱག་ལས་ཡ་ཀོབ་ཆད། ཡ་ཀོབ་ལས་མེས་པོ་བཅུ་གཉིས་ཆད་ནས། དེ་ལྟར་བྱས་སོ༎༩ མེས་པོ་དེ་ཚོས་ཕྲག་དོག་གིས་ཡོ་སེབ་་མི་སེར་ཡུལ་དུ་བཙོངས་ཀྱང་། ཁོང་མཉམ་དཀོན་མཆོག་བཞུགས་པས། ༡༠ སྡུག་བསྔལ་ཐམས་ཅད་ལས་སྐྱབས་ཏེ། མི་སེར་ཡུལ་གྱི་རྒྱལ་པོའི་དྲུང་དུ་ཐུགས་རྗེ་དང་ཤེས་རབ་གནང་བས། རྒྱལ་པོས་ཁོང་མི་སེར་ཡུལ་དང་ཕོ་བྲང་ལ་གཏོགས་པ་ཐམས་ཅད་ཀྱི་གོང་དུ་སྤྱི་ཁྱབ་ལ་བསྐོས་སོ། ༡༡ དེ་ནས་མི་སེར་དང་ཀ་ན་ཨན་ཡུལ་ཐམས་ཅད་ལ་མུ་གེ་དང་སྡུག་བསྔལ་ཆེན་པོ་བྱུང་སྟེ། ང་ཚོའི་ཕ་མེས་ལ་ཟ་རྒྱུ་མ་ཐོབ་བོ། ༡༢ ཡ་ཀོབ་ཀྱིས་མི་སེར་ན་འབྲུ་ཡོད་པ་ཐོས་ནས། ང་ཚོའི་མེས་པོ་རྣམས་ཐེངས་དང་པོར་དེར་བཏང་ངོ་། ༡༣ འགྲོ་རེས་གཉིས་པར་ཡོ་སེབ་ཀྱིས་སྤུན་ཚོར་རང་སུ་ཡིན་བཤད་དེ། རྒྱལ་པོས་ཡོ་སེབ་ཀྱི་རིགས་བརྒྱུད་གང་ཡིན་པ་ཤེས་སོ། ༡༤ ཡོ་སེབ་ཀྱིས་རང་གི་ཕ་ཡ་ཀོབ་དང་གཉེན་བཤེས་ཐམས་ཅད་བཅས་མི་གྲངས་བདུན་ཅུ་དོན་ལྔར་འབོད་མི་བཏང་ངོ་། ༡༥ ཡ་ཀོབ་་མི་སེར་དུ་ཕྱིན་ནས། དེར་ཁོང་རང་དང་ང་ཚོའི་ཕ་མེས་ཚེ་འདས་ནས། ༡༦ དེ་ཚོའི་སྤུར་སི་ཀེམ་དུ་ཁྱེར་ཏེ། ཨབ་ར་ཧམ་གྱིས་ཧ་མོར་གྱི་བུ་ཚོ་ལས་དངུལ་བཅལ་ནས་ཉོས་པའི་བང་སོའི་ནང་བཅུག་གོ།
༡༧ དཀོན་མཆོག་གིས་ཨབ་ར་ཧམ་ལ་ཞལ་གྱིས་བཞེས་པའི་དུས་ཉེ་བ་ན། མི་སེར་དུ་མི་སྡེ་འཕེལ་ཞིང་རྒྱས་སོ། ༡༨ དེ་ནས་ཡོ་སེབ་ཀྱི་རྒྱུས་མེད་པའི་རྒྱལ་པོ་ཞིག་འབྱུང་སྟེ། ༡༩ ང་ཚོའི་མི་བརྒྱུད་ལ་གཡོ་སྒྱུ་བྱས་ཏེ། ཕ་མེས་ལ་ཕྲུ་གུ་རྣམས་མི་གསོན་པའི་ཕྱིར་དབྱུག་དགོས་པར་ཐུག་པའི་བར་ངན་བྱས་སོ། ༢༠ དེའི་དུས་སུ་མོ་ཤེ་སྐྱེས་ནས་ཤིན་ཏུ་མཛེས་པ་ཞིག་ཡོད་དེ། ཟླ་བ་གསུམ་གྱི་བར་དུ་ཕའི་ཁང་པར་གསོས་པའི་རྗེས་སུ། ༢༡ དབྱུགས་ནས་རྒྱལ་པོའི་བུ་མོས་བླངས་ཏེ་རང་གི་བུ་ལྟར་གསོས་སོ། ༢༢ མོ་ཤེས་མི་སེར་གྱི་རིག་གནས་ཐམས་ཅད་བསླབས་ཏེ། ངག་དང་ལས་གཉིས་སྟོབས་ཅན་དུ་གྱུར་ཏོ༎
༢༣ ལོ་བཞི་བཅུ་ཙམ་ལོན་པ་དང་། རང་གི་སྤུན་ཨིས་ར་ཨེལ་པ་རྣམས་ཀྱི་གནས་ཚུལ་བལྟའོ་སྙམ་སྟེ། ༢༤ གཅིག་ལ་ངན་བྱེད་པར་མཐོང་བས། དེ་སྐྱབས་ཏེ་གནོད་ལན་དུ་མི་སེར་པ་དེ་བསད་དོ། ༢༥ ད་དཀོན་མཆོག་གིས་ང་རྒྱུད་ནས་དེ་ཚོ་སྐྱོབ་པར་དེ་ཚོས་གོ་འོང་བསམས་ཀྱང་དེ་ཚོས་མ་གོའོ། ༢༦ དེའི་ཕྱི་ཉིན་ཁོང་དེ་ཚོའི་ནང་ནས་ཕན་ཚུན་འཐབ་ཅིང་ཡོད་པ་གཉིས་ཀྱི་རྩར་བསླེབས་ཏེ། ནང་སྒྲིག་བྱེད་པར་འདོད་ཅིང་། སྐྱེ་བོ་ཁྱེད་སྤུན་ཡིན་པར་ཕན་ཚུན་ཅི་ལ་ངན་བྱེད་སྨྲས་སོ། ༢༧ ཁྱིམ་མཚེས་ལ་ངན་བྱེད་མཁན་དེས་ཁོང་ཕར་འཕུལ་ནས། ཁྱོད་ང་ཚོའི་དཔོན་པོ་དང་ཁྲིམས་དཔོན་དུ་སུས་བསྐོས་བྱུང་། ༢༨ ཁྱོད་ཀྱིས་མདང་མི་སེར་པ་དེ་བསད་པ་ལྟར་ངའང་གསོད་པར་འདོད་དམ་སྨྲས་པ་དང་། ༢༩ གཏམ་དེ་ཐོས་ནས་མོ་ཤེ་བྲོས་ཏེ། མིད་ཨན་ཡུལ་དུ་འཁྱམ་ཞིང་དེར་བུ་གཉིས་ཀྱི་ཕར་གྱུར་ཏོ༎
༣༠ དེ་ནས་ལོ་བཞི་བཅུ་ཚང་བ་དང་། རི་སི་ནཱའི་འབྲོག་སྟོང་ན་ཚེར་མ་འབར་བའི་མེ་ལྕེའི་ནང་ན་ཕོ་ཉ་ཞིག་སྣང་བྱུང་ངོ་། ༣༡ མོ་ཤེས་དེ་མཐོང་ནས་མཐོང་སྣང་དེ་ལ་ངོ་མཚར་དུ་གྱུར་ཏེ། བལྟ་ཕྱིར་ཉེ་བར་སོང་བས། གཙོ་བོའི་གསུང་སྐད་བྱུང་སྟེ། ༣༢ ང་ནི་ཁྱོད་ཀྱི་ཕ་མེས་ཨབ་ར་ཧམ་དང་། ཨི་སཱག་དང་། ཡ་ཀོབ་ཀྱི་དཀོན་མཆོག་ཡིན་གསུངས་པ་དང་། མོ་ཤེ་འདར་ཞིང་ལྟ་བར་མ་སྤོབས་སོ། ༣༣ གཙོ་བོས། ཁྱོད་འགྲེང་བའི་གནས་འདི་ནི་དམ་པ་ཡིན་པས། རྐང་པ་ནས་ལྷམ་ཕུད་ཅིག ༣༤ མི་སེར་དུ་ཡོད་པའི་ངའི་མི་སྡེའི་སྡུག་བསྔལ་ངས་ངེས་པར་གཟིགས་ཏེ། དེའི་སྡུག་བསྔལ་གྱི་སྐད་ཀྱང་གསན་ནས། དེ་ཐར་བར་བྱེད་དུ་ང་མར་བབས་པས། ད་ཤོག་ལ་ངས་ཁྱོད་མི་སེར་ཡུལ་དུ་རྫོང་བར་བྱའོ་གསུངས་སོ། ༣༥ ཁྱོད་དཔོན་པོ་དང་ཁྲིམས་དཔོན་དུ་སུས་བསྐོས་ཟེར་ཞིང་སྤངས་པའི་མོ་ཤེ་དེ། ཚེར་མའི་ནང་སྣང་བའི་ཕོ་ཉའི་སྒོ་ནས་དཀོན་མཆོག་གིས་དཔོན་པོ་དང་མགོན་དུ་བརྫངས་སོ། ༣༦ ཁོང་གིས་དེ་ཚོ་ཕྱུངས་ནས། མི་སེར་དང་། རྒྱ་མཚོ་དམར་པོ་དང་། འབྲོག་སྟོང་ནང་ལོ་བཞི་བཅུ་ངོ་མཚར་ཆེ་བའི་ལས་དང་ལྟས་བསྟན་ཏོ། ༣༧ དཀོན་མཆོག་གིས་ཁྱེད་ཚོའི་དོན་དུ་ཁྱེད་ཚོའི་སྤུན་གྱི་ནང་ནས་ང་ལྟར་ལུང་སྟོན་པ་ཞིག་འདོན་པར་འགྱུར་ཞེས་ཨིས་ར་ཨེལ་པ་ལ་གསུང་མཁན་མོ་ཤེ་ཁོང་ཉིད་ཡིན་ནོ། ༣༨ རི་སི་ནཱ་རུ་གསུང་གླེང་མཛད་པའི་ཕོ་ཉ་དང་བཅས་འབྲོག་སྟོང་གི་ཆོས་ཚོགས་ནང་ཕ་མེས་མཉམ་བཞུགས་ཤིང་། ང་ཚོར་གནང་ཕྱིར་གསོན་པོའི་བཀའ་ཐོབ་པ་ཁོང་ཉིད་ཡིན་ནོ། ༣༩ འོན་ཀྱང་ང་ཚོའི་ཕ་མེས་ཁོང་ལ་ཉན་པར་མ་དགའ་བས། ཁོང་ཟུར་དུ་བཞག་ནས་སྙིང་ནང་མི་སེར་ཡུལ་ལ་ལོག་འདོད་ཅིང་། ༤༠ ཨ་རོན་ལ། ང་ཚོའི་གདོང་དུ་འགྲོ་བའི་ལྷ་སྐུ་བཟོ་བར་མཛོད་ཅིག ང་ཚོ་མི་སེར་ནས་ཁྲིད་པའི་མོ་ཤེ་དེ་ལ་ཅི་བྱུང་བ་མི་ཤེས་སོ་ཞུས་སོ། ༤༡ དེའི་དུས་སུ་གླང་བུ་ཞིག་གི་སྐུ་འདྲ་བཟོས་ནས། དེ་ལ་མཆོད་པ་ཕུལ་ཞིང་། རང་གི་ལག་པའི་ལས་ལ་ཡི་རངས་སོ། ༤༢ ལུང་བསྟན་གྱི་མདོ་ལས།
འབྲོག་སྟོང་ནང་དུ་ང་ལ་ལོ་བཞི་བཅུ༎
དམར་མཆོད་ཕུལ་ཏམ་ཨིས་ར་ཨེལ་གྱི་ཁྱིམ༎
༤༣ ཁྱེད་ཚོས་མོ་ལོག་ལྷ་ཡི་ཕོ་བྲང་དང་༎
དེ་བཞིན་རིམ་ཕན་ལྷ་ཡི་སྐར་མ་དང་༎
རང་བཟོའི་སྐུ་འདྲར་རྟེན་ཅིང་མཆོད་པས་ན༎
ཁྱེད་རྣམས་བཱ་བེལ་མཐའ་རུ་འདོན་པར་བྱའོ༎
ཞེས་བྲིས་པ་བཞིན། དཀོན་མཆོག་གིས་དེ་ཚོར་སྐུ་རྒྱབ་བསྒྱུར་ནས། ནམ་མཁའི་སྐར་མ་རྣམས་ལ་རང་དགར་བསྙེན་བཀུར་བྱེད་བཅུག་གོ། ༤༤ མོ་ཤེ་དང་གསུང་གླེང་མཛད་མཁན་གྱིས་མོ་ཤེ་ལ། ཁྱོད་ཀྱིས་མཐོང་བའི་དཔེ་བཞིན་དུ་དཔང་པོའི་གུར་མཆོག་དེ་བཟོ་བར་དགོས་གསུངས་ཤིང་། གུར་མཆོག་དེ་ནི་འབྲོག་སྟོང་ནང་ང་ཚོའི་ཕ་མེས་དང་མཉམ་ཡོད་པས། ༤༥ དེ་ཚོའི་མདུན་ནས་དཀོན་མཆོག་གིས་ཕྱིར་བསྐྲད་པར་མཛད་པའི་མི་བརྒྱུད་སོ་སོའི་ཡུལ་དུ། ང་ཚོའི་མེས་པོ་རྣམས་ཀྱིས་ཡོ་ཤུ་ཨ་དང་མཉམ་དུ་ཁྱེར་ནས། དཱ་བིད་ཀྱི་བར་དུ་གུར་མཆོག་དེ་ཡོད་དོ། ༤༦ དཱ་བིད་ནི་དཀོན་མཆོག་གི་ཐུགས་སུ་འབྱོན་ཞིང་། ཡ་ཀོབ་ཀྱི་དཀོན་མཆོག་ལ་བཞུགས་གནས་ཤིག་བཞེང་བའི་དགོངས་པ་ཞུས་ཀྱང་། ༤༧ ཕོ་བྲང་བཞེངས་མཁན་ནི་ཤ་ལོ་མོའོ། ༤༨ འོན་ཀྱང་ལུང་སྟོན་པས།
༤༩ གཙོ་བོས་གསུངས་པ་ནམ་མཁའ་ངའི་ཁྲི་ཡིན༎
ས་གཞི་ང་ཡི་ཞབས་སྟེགས་ཡིན་པས་ན༎
ང་ལ་ཁྱོད་ཀྱིས་ཇི་ལྟའི་ཁང་པ་རྩིག།
ཡང་ན་ང་ཡི་བསྟི་བའི་གནས་གང་ཡིན༎
༥༠ དངོས་པོ་ཐམས་ཅད་ང་ཡིས་མ་བཀོད་དམ༎
ཞེས་གསུངས་པ་བཞིན་དུ། བླ་ན་མེད་པའི་དཀོན་མཆོག་ནི་མིའི་ལག་པས་བརྩིགས་པའི་ཁང་པའི་ནང་མི་བཞུགས་སོ། ༥༡ ཀྱེ་གཉའ་བ་རེངས་ཤིང་སྙིང་དང་རྣ་བ་མ་དུལ་བ་རྣམས། ཁྱེད་ཀྱིས་དམ་པའི་ཐུགས་ཉིད་ལ་དུས་རྒྱུན་དུ་རྒོལ་ལོ། མེས་པོ་རྣམས་ཀྱིས་བྱས་པ་བཞིན་དུ་ཁྱེད་ཀྱིས་ཀྱང་བྱེད་དོ། ༥༢ ཕ་མེས་ཀྱིས་གནོད་པ་མ་བྱས་པའི་ལུང་སྟོན་པ་སུ་ཡོད། སྐྱེས་བུ་དྲང་པོ་ཁོང་ཕེབས་པའི་ལུང་སྟོན་མཁན་རྣམས་བཀྲོངས། ད་ཁྱོད་ཚོས་ཁོང་རང་ཡང་དགྲ་བོར་བཏད་དེ་བཀྲོངས། ༥༣ ཕོ་ཉས་གསུངས་པའི་བཀའ་ཁྲིམས་ཐོབ་ཀྱང་མ་བསྲུངས་པ་ཁྱེད་ཚོ་ཅེས་གསུངས་སོ༎
༥༤ འདུན་མི་རྣམས་ཀྱིས་དེ་ཐོས་ནས་སྙིང་ལ་འཕོགས་ཏེ་སོ་ཁྲིག་ཁྲིག་བྱས་སོ། ༥༥ སེ་ཏེ་ཕན་ནི་དམ་པའི་ཐུགས་ཉིད་ཀྱིས་ཁྱབ་སྟེ། ནམ་མཁར་སྤྱན་ཕུར་ཚུགས་སུ་གཟིགས་ནས། དཀོན་མཆོག་གི་གཟི་བརྗིད་དང་། དཀོན་མཆོག་གི་ཕྱག་གཡས་སུ་ཡེ་ཤུ་བཞེངས་པ་མཇལ་བ་དང་། ༥༦ ལྟོས་ཤིག ནམ་མཁའ་བྱེ་སྟེ། དཀོན་མཆོག་གི་ཕྱག་གཡས་སུ་མིའི་བུ་བཞེངས་པ་མཇལ་ལོ་གསུངས་ཀྱང་། ༥༧ དེ་ཚོས་ཀུ་སྒྲ་བརྒྱབས་ནས་རྣ་བ་བཀག་སྟེ་ལྷན་ཅིག་ཏུ་ཁོང་ལ་རུབ་བོ། ༥༨ དེ་ནས་གྲོང་ཁྱེར་གྱི་ཕྱི་རོལ་དུ་བཏོན་ཏེ། ཁོང་རྡོ་རུབ་ལ་བཏང་ངོ་། རྩོད་པ་པོ་རྣམས་ཀྱིས་རང་གི་གོས་ཕུད་ནས། ཤ་ཨུལ་ཟེར་བའི་གཞོན་ནུ་ཞིག་གི་མདུན་དུ་བཞག་གོ། ༥༩ རྡོ་རུབ་ལ་གཏོང་བའི་ཚེ་སེ་ཏེ་ཕན་གྱིས་སྨོན་ལམ་འདེབས་ཤིང་། གཙོ་བོ་ཡེ་ཤུ། ངའི་སེམས་ཉིད་བཞེས་སུ་གསོལ་ཅེས་ཞུས་སོ། ༦༠ དེ་ནས་པུས་མོ་བཙུགས་ནས་སྐད་ཆེན་པོས། ཀྱེ་གཙོ་བོ། སྡིག་པ་འདིའི་ལན་དེ་རྣམས་ནས་ལེན་པར་མ་མཛད་ཅེས་ཞུས་ནས་སྐུ་གཤེགས་སོ། ཁོང་བཀྲོང་བ་ལ་ཤ་ཨུལ་ཁ་འཆམ་པ་ཡིན་ནོ༎