༨
ཉིན་དེ་ལ་ཡེ་རུ་ཤ་ལེམ་ན་ཡོད་པའི་ཆོས་ཚོགས་ལ་འཚེ་བ་དྲག་པོ་བྱུང་བས། སྐུ་ཚབ་རྣམས་མ་གཏོགས་པར་གཞན་ཐམས་ཅད་ཡ་ཧུ་དཱ་དང་། ས་མར་ཡཱ་ཡུལ་ཀུན་ཏུ་གྱེས་པར་གྱུར་ཏོ། ༢ ཆོས་པ་རེས་སེ་ཏེ་ཕན་གྱི་སྤུར་དུར་དུ་བཅུག་ནས། ཁོང་གི་ཕྱིར་མྱ་ངན་ཆེན་པོ་བྱས་སོ། ༣ ཤ་ཨུལ་གྱིས་ཁང་པ་རེ་རེའི་ནང་ཞུགས་ནས། སྐྱེས་པ་དང་བུད་མེད་རྣམས་དྲུད་ནས་བཙོན་དུ་འཇུག་ཕྱིར་བཏད་དེ། ཆོས་ཚོགས་བཤིག་གོ། ༤ གྱེས་པར་གྱུར་པ་རྣམས་བཀའ་བསྒྲག་ཅིང་ཕར་ཚུར་རྒྱུའོ༎༥ ཕི་ལིབ་་ས་མར་ཡཱའི་གྲོང་ཁྱེར་ཞིག་ཏུ་སོང་ནས། མཱ་ཤི་ཀའི་ཆོས་བཤད་པ་དང་། ༦ དེ་ཐོས་ཤིང་ཁོང་གིས་མཛད་པའི་ལྟས་མཐོང་ནས་མི་ཚོགས་ཀྱིས་ཡིད་མཐུན་པར་ཁོང་གི་གསུངས་པ་ལ་ཉན་ཏོ། ༧ འགོང་ཞུགས་མང་པོའི་འགོང་པོ་ཀུ་སྒྲ་བྱེད་ཅིང་ཐོན་ནོ། གཟའ་ཕོག་དང་ཞ་བོ་མང་པོའང་གསོས་པས། ༨ གྲོང་ཁྱེར་དེར་དགའ་སྤྲོ་ཆེ་བ་བྱུང་ངོ་༎
༩ དུས་དེའི་སྔོན་ལ་གྲོང་ཁྱེར་དེ་ན་ཤི་མོན་བྱ་བ་ཞིག་གིས་ཁོང་རང་ཆེན་པོ་ཞིག་ཡིན་སྨྲ་ཞིང་སྒྱུ་འཕྲུལ་གྱིས་ས་མར་ཡཱ་པ་རྣམས་ཧ་ལས་སུ་བཅུག་པས། ༡༠ རྒན་གཞོན་ཐམས་ཅད་ཀྱིས་མི་འདི་ནི་དཀོན་མཆོག་གི་མཐུ་ཆེན་པོ་ཞེས་བྱ་བ་དེ་ཡིན་སྨྲས་ནས་དེ་ལ་བརྟེན་ཏོ། ༡༡ ཡུན་རིང་པོ་ཞིག་ནས་སྒྱུ་འཕྲུལ་མཐོང་བས་ཧ་ལས་ཤིང་བརྩིས་སོ། ༡༢ འོན་ཀྱང་ཕི་ལིབ་ཀྱིས་དཀོན་མཆོག་གི་རྒྱལ་སྲིད་དང་། ཡེ་ཤུ་མཱ་ཤི་ཀའི་མཚན་གྱི་ཕྲིན་བཟང་བཤད་པ་ལ་ཡིད་ཆེས་པས། ཕོ་མོ་ཐམས་ཅད་ལ་ཁྲུས་གསོལ་ཐོབ་བོ། ༡༣ ཤི་མོན་དེ་རང་ཡིད་ཆེས་ཏེ་ཁྲུས་བླངས་ནས། ཕི་ལིབ་དང་འགྲོགས་ཏེ། ཁོང་གིས་མཛད་པའི་ལྟས་དང་ངོ་མཚར་རྣམས་མཐོང་བས་ཡ་མཚན་དུ་གྱུར་ཏོ༎
༡༤ ཡེ་རུ་ཤ་ལེམ་ན་ཡོད་པའི་སྐུ་ཚབ་རྣམས་ཀྱིས། ས་མར་ཡཱ་པ་རྣམས་ཀྱིས་དཀོན་མཆོག་གི་བཀའ་བླངས་པ་ཐོས་པའི་ཚེ། པེ་ཏྲོ་དང་ཡོ་ཧ་ནན་དེ་རྣམས་ཀྱི་རྩར་བཏང་ངོ་། ༡༥-༡༦ དེ་གཉིས་དེར་སོང་ནས་དེ་རྣམས་གཙོ་བོ་ཡེ་ཤུའི་མཚན་གྱི་སྒོ་ནས་ཁྲུས་གསོལ་ཐོབ་ཀྱང་། དེའི་བར་དུ་དམ་པའི་ཐུགས་ཉིད་སུ་ལའང་མ་བབས་པས། དེ་རྣམས་ལ་ཐུགས་ཉིད་བརྙེད་པའི་ཕྱིར་སྨོན་ལམ་བཏབ་བོ། ༡༧ དེ་ནས་ཁོང་གཉིས་ཀྱིས་དེ་རྣམས་ལ་ཕྱག་དབང་གནང་བས་དམ་པའི་ཐུགས་ཉིད་དང་ལྡན་པར་གྱུར་ཏོ། ༡༨ ཤི་མོན་གྱིས་སྐུ་ཚབ་རྣམས་ཀྱི་ཕྱག་དབང་ལས་དམ་པའི་ཐུགས་ཉིད་ཐོབ་པ་མཐོང་སྟེ། དངུལ་ཕུལ་ནས་ཁོང་ལ། ༡༩ ངས་སུ་ལ་ལག་པ་བཞག་ན། དེ་ལ་དམ་པའི་ཐུགས་ཉིད་འབེབས་པའི་དབང་ང་ལའང་གནང་དུ་གསོལ་ཞེས་ཞུས་སོ། ༢༠ པེ་ཏྲོས་དེ་ལ། ཁྱོད་ཀྱིས་དཀོན་མཆོག་གི་གནང་སྤྱིན་དངུལ་གྱིས་ཐོབ་པར་བསམས་པས། ཁྱོད་ཀྱི་དངུལ་དང་ཁྱོད་མེད་པར་གྱུར་ཅིག ༢༡ ཁྱོད་ཀྱི་སྙིང་དཀོན་མཆོག་གི་དྲུང་དུ་དྲང་པོ་མ་ཡིན་པས། ཁྱོད་ལ་འདིའི་ཆ་ཙམ་ཡང་སྐལ་བ་མེད་དོ། ༢༢-༢༣ ཁྱོད་ནི་མཁྲིས་པའི་ཁ་བ་དང་། སྡིག་པའི་འཆིང་བའི་ནང་ཡོད་པར་ངས་མཐོང་བས། ངན་པ་འདི་ལས་སེམས་སྒྱུར་ལ་གཙོ་བོ་ལ་སྨོན་ལམ་ཐོབ་ཅིག་དང་། ཁྱོད་ཀྱི་སྙིང་གི་བསམ་པ་དེ་སེལ་བའང་སྲིད་དོ་གསུངས་པ་དང་། ༢༤ ཤི་མོན་གྱིས་ཞུ་ལན་དུ། ཁྱེད་ཀྱིས་གསུངས་པའི་ནང་ནས་ང་ལ་ཅིའང་མི་འབྱུང་བའི་ཕྱིར་ངའི་དོན་དུ་གཙོ་བོ་ལ་སྨོན་ལམ་འདེབས་སུ་གསོལ་ཞུས་སོ༎
༢༥ ཁོང་གཉིས་ཀྱིས་དཔང་བྱེད་ཅིང་གཙོ་བོའི་བཀའ་བཤད་ནས། ས་མར་ཡཱ་པའི་ཡུལ་ཚོ་མང་པོར་ཕྲིན་བཟང་འཆད་ཅིང་ཡེ་རུ་ཤ་ལེམ་དུ་ཕྱིར་ལོག་གོ།
༢༦ གཙོ་བོའི་ཕོ་ཉས་ཕི་ལིབ་ལ། ལོངས་ལ་ཉིན་གུང་དུ་ཡེ་རུ་ཤ་ལེམ་ནས་ག་ཟཱ་རུ་འགྲོ་བའི་ཐང་ལམ་དུ་སོང་ཞིག ཅེས་བཀའ་སྩལ་པ་དང་། ༢༧ ཁོང་ལངས་ཏེ་སོང་བ་ལས། ཨེ་ཐི་ཨོ་ཕི་ཡཱ་པ་ཉུག་རུམ་ཨེ་ཐི་ཨོ་ཕི་ཡཱའི་རྒྱལ་མོ་ཀན་ད་ཀེའི་ཕྱག་མཛོད་དབང་དང་ལྡན་པ་དེ། ཡེ་རུ་ཤ་ལེམ་མཇལ་དུ་འོངས་ནས། ༢༨ ཤིང་རྟ་ལ་ཞོན་ཏེ་ཕྱིར་ལོག་ཅིང་ལུང་སྟོན་པ་ཡེ་ཤ་ཡཱའི་མདོ་ཀློག་གིན་ཡོད་དོ། ༢༩ ཐུགས་ཉིད་ཀྱིས་ཕི་ལིབ་ལ། སོང་ལ་ཤིང་རྟ་པ་དང་འགྲོགས་ཤིག་ཅེས་གསུངས་པ་དང་། ༣༠ ཕི་ལིབ་བརྒྱུགས་ནས་ཤིང་རྟའི་རྗེས་ནོན་ཏེ། ཁོས་ལུང་སྟོན་པ་ཡེ་ཤ་ཡཱའི་མདོ་ཀློག་པར་ཐོས་ཏེ། ཁྱེད་ཀྱིས་ཀློག་པ་དེའི་དོན་གོའམ་ཞེས་དྲིས་པ་དང་དེས། ༣༡ འཁྲིད་མཁན་མེད་པར་ངས་ཇི་ལྟར་གོ་སྨྲས་ནས། ཤིང་རྟའི་ནང་དེ་དང་མཉམ་དུ་བཞུགས་ཕྱིར་ཕི་ལིབ་ལ་ཞུས་སོ། ༣༢ དེས་ཀློག་པའི་གསུང་རབ་ཀྱི་ཚིག་མཚམས་འདིའོ༎
ཁོང་ནི་ལུག་ལྟར་གསོད་ཕྱིར་ཁྲིད་པ་ཡིན༎
སྤུ་བལ་འབྲེག་མཁན་མདུན་དུ་ལུག་གུ་ཡིས༎
སྐད་ཀྱང་མི་འདོན་ལྟར་དུ་ཞལ་མི་འབྱེད༎
༣༣ དམའ་འབེབས་བྱས་ཤིང་ཁོང་ལ་གཤགས་མ་བྱུང་༎
ཁོང་གི་སྐུ་སྲོག་ས་ལས་ལེན་པས་ན༎
ཁོང་གི་གདུང་བརྒྱུད་སུ་ཡིས་སྟོན་པར་འགྱུར༎
༣༤ ཉུག་རུམ་གྱིས་ཕི་ལིབ་ལ། འདི་ནི་ལུང་སྟོན་པས་སུའི་སྐོར་ལ་གསུང་། ཁོང་རང་ངམ་མི་གཞན་ཞིག་གི་སྐོར་གསུང་བ་ང་ལ་འཆད་དུ་གསོལ་ཞུས་པ་དང་། ༣༥ ཕི་ལིབ་ཀྱིས་ཞལ་ཕྱེས་ཏེ་གསུང་འདི་ལས་བཟུང་སྟེ། ཡེ་ཤུའི་ཕྲིན་བཟང་བཤད་དོ། ༣༦ ལམ་དེ་ལ་སོང་བ་ལས་ཆུ་ཡོད་སར་བསླེབས་པ་དང་། ཉུག་རུམ་གྱིས། འདིར་ཆུ་འདུག ངས་ཁྲུས་གསོལ་བླང་བ་ལ་འགག་བྱ་ཅི་ཡོད་སྨྲས་སོ། ༣༧ ༼གནའ་བོའི་བཤུས་ཡིག་ལ་ལར་ཚིག་བཅད་འདི་མེད་པ་ཡིན།༽ ༣༨ ཤིང་རྟ་འགེགས་ཕྱིར་བསྒོས་ནས། ཕི་ལིབ་དང་ཉུག་རུམ་གཉིས་ཆུར་ཞུགས་ནས་ཕི་ལིབ་ཀྱིས་དེར་ཁྲུས་གསོལ་ཏོ། ༣༩ ཆུ་ནས་ཕྱིར་ཐོན་པ་དང་། གཙོ་བོའི་ཐུགས་ཉིད་ཀྱིས་ཕི་ལིབ་ཁྱེར་ནས། ཉུག་རུམ་གྱིས་སླར་ཁོང་མ་འཇལ་ཀྱང་སེམས་དགའ་ཞིང་ལམ་ནས་སོང་ངོ་། ༤༠ ཕི་ལིབ་ནི་གྲོང་ཁྱེར་ཨ་ཟོད་དུ་ཐོན་ཏེ། ཀེ་སར་ཡཱར་བསླེབས་པའི་བར་གྲོང་ཁྱེར་ཐམས་ཅད་ལ་ཕྲིན་བཟང་བཤད་དོ༎