༩
ཤ་ཨུལ་ནི་ད་དུང་ཡང་གཙོ་བོའི་ཉེ་གནས་རྣམས་སྐྲག་པར་བྱེད་པ་དང་གསོད་པ་ལ་རྔམས་ནས། བླ་ཆེན་གྱི་དྲུང་དུ་སོང་ནས། ༢ ལྟ་བ་དེ་ལ་ཞུགས་པའི་ཕོ་མོ་རྙེད་ཚད་བཅིངས་ཏེ་ཡེ་རུ་ཤ་ལེམ་དུ་འཁྲིད་འོང་བའི་ཕྱིར། ད་མཱ་སེག་གི་ཆོས་སྡེ་ལ་སྟོན་ཕྱིར་བླ་ཆེན་ནས་ཡི་གེ་ཞུས་སོ། ༣ ལམ་ལ་ད་མཱ་སེག་དང་ཉེ་བར་བསླེབས་པའི་ཚེ། གློ་བུར་དུ་ཁོའི་ཕྱོགས་བཞི་རུ་ནམ་མཁའ་ནས་འོད་ཅིག་སྣང་བར་གྱུར་ཏེ། ༤ ཁོ་ས་ལ་འགྱེལ་བ་དང་། ཤ་ཨུལ། ཤ་ཨུལ། ཁྱོད་ཀྱིས་ང་ལ་ཅིའི་ཕྱིར་འཚེ། ཅེས་གསུང་བའི་སྒྲ་ཐོས་ནས། ༥ ཁྱེད་སུ་ལགས་ཞུས་པ་དང་། ང་ནི་ཁྱོད་ཀྱིས་འཚེ་བའི་ཡེ་ཤུ་དེ་ཡིན་ནོ། ༦ ལོངས་ལ་གྲོང་ཁྱེར་ནང་དུ་སོང་ཞིག་དང་ཁྱོད་ཀྱིས་ཅི་བྱེད་དགོས་པ་བསྟན་པར་འགྱུར་གསུངས་སོ། ༧ ལམ་གྲོགས་རྣམས་ཀྱིས་སྒྲ་དེ་ཐོས་ཀྱང་སུའང་མ་མཐོང་བས་གང་ཡང་མི་སྨྲ་བར་ལུས་སོ། ༨ ཤ་ཨུལ་ས་ལས་ལངས་ཏེ་མིག་ཕྱེས་ཀྱང་མཐོང་མ་ནུས་པས། དེ་ཚོས་ལག་པ་ནས་བཟུང་སྟེ་ད་མཱ་སེག་ཏུ་ཁྲིད་དོ། ༩ དེར་ཞག་གསུམ་གྱི་བར་དུ་མིག་གིས་མཐོང་མི་ནུས་པར་ལུས་ཏེ། ཁ་ཟས་ཀྱང་མ་ཟོས་ཆུ་ཡང་མ་བཏུང་ངོ་༎༡༠ ད་མཱ་སེག་ན་ཨ་ནན་ཡཱ་བྱ་བའི་ཉེ་གནས་ཤིག་ཡོད་པ་ཡིན། གཙོ་བོས་ཞལ་གཟིགས་ནང་ཨ་ནན་ཡཱ་ཞེས་གསུངས་པ་དང་། ང་འདིར་ཡོད་གཙོ་བོ་ལགས་ཞུས་པས། ༡༡ གཙོ་བོས་ཁོ་ལ། ལོངས་ལ་དྲང་པོ་ཟེར་བའི་ལམ་སྲང་ལ་སོང་སྟེ། ཡུ་དཱའི་ཁང་པར་ཏར་སུ་པ་ཤ་ཨུལ་ཞེས་པ་ཚོལ་ཞིག ཁོ་སྨོན་ལམ་འདེབས་ཀྱིན་འདུག་པ་མ་ཟད། ༡༢ ཨ་ནན་ཡཱ་བྱ་བ་ཞིག་འོངས་ནས་མིག་འབྱེད་པའི་ཕྱིར་ཕྱག་དབང་གཏོང་བ་ཁོས་ཞལ་གཟིགས་ནང་མཐོང་ངོ་གསུངས་སོ། ༡༣ ཨ་ནན་ཡཱས་ཞུ་ལན་དུ། གཙོ་བོ། མི་དེས་ཡེ་རུ་ཤ་ལེམ་ན་ཁྱེད་ཀྱི་ཡིན་པ་རྣམས་ལ་ཅི་ཙམ་གྱི་ངན་བྱས་པ་མི་མང་པོའི་ཁ་ནས་ཐོས། ༡༤ འདིར་ཡང་ཁྱེད་ཀྱི་མཚན་བརྗོད་པ་ཐམས་ཅད་འཆིང་བའི་ཕྱིར་ཁོར་བླ་ཆེན་གྱི་ཕྱོགས་ནས་དབང་ཡོད་དོ་ཞུས་པས། ༡༥ གཙོ་བོས། སོང་ཞིག་དང་། ཁོ་ནི་ངའི་མཚན་ཕྱི་པ་དང་། རྒྱལ་པོ་རྣམས་དང་། ཨིས་ར་ཨེལ་པ་རྣམས་ལ་འཁྱེར་བའི་སྣོད་ངས་འདམས་པ་ཞིག་ཡིན་པས། ༡༦ ངའི་མཚན་གྱི་དོན་དུ་ཁོས་སྡུག་བསྔལ་ཇི་ཙམ་མྱོང་དགོས་པ་ངས་ཁོ་ལ་སྟོན་པར་བྱའོ་གསུངས་སོ། ༡༧ ཨ་ནན་ཡཱ་སོང་སྟེ་ཁང་པ་དེར་ཞུགས་ནས་དེ་ལ་ཕྱག་དབང་བཏང་ཞིང་། ཀྱེ་སྤུན། ཤ་ཨུལ། ཁྱོད་འོངས་པའི་ལམ་ལ་མཇལ་བའི་གཙོ་བོ་ཡེ་ཤུ་ཉིད་ཀྱིས། ཁྱོད་ཀྱི་མིག་འབྱེད་པ་དང་དམ་པའི་ཐུགས་ཉིད་ཀྱིས་ཁྱབ་པའི་ཕྱིར་ང་འདིར་མངགས་སོ། ༡༨ ཞེས་སྨྲས་མ་ཐག་ཏུ་ཁོའི་མིག་ནས་ཤུན་པ་འདྲ་བ་རེ་སར་བྲུལ་ཏེ་མིག་མཐོང་ནུས་སོ། དེ་ནས་ལངས་ཏེ་ཁྲུས་གསོལ་ཐོབ་ཅིང་། ༡༩ ཁ་ཟས་ཟོས་པས་གཟུང་སྟོབས་རྒྱས་སོ༎
ཉི་མ་ཁ་ཤས་ད་མཱ་སེག་ཏུ་ཡོད་པའི་ཉེ་གནས་རྣམས་དང་མཉམ་དུ་བཞུགས་ནས། ༢༠ འདུ་ཁང་རྣམས་སུ་ཡེ་ཤུ་ནི་དཀོན་མཆོག་གི་སྲས་ལགས་པའི་ཆོས་བཤད་དོ། ༢༡ དེ་ཐོས་པ་ཐམས་ཅད་ངོ་མཚར་དུ་གྱུར་ཏེ། འདི་ནི་ཡེ་རུ་ཤ་ལེམ་དུ་མཚན་དེ་བརྗོད་པ་རྣམས་མེད་པར་བྱེད་མཁན་དང་། འདིར་ཡང་དེ་རྣམས་བཅིངས་ནས་བླ་ཆེན་གྱི་མདུན་དུ་འཁྲིད་པའི་ཕྱིར་འོངས་མཁན་དེ་མ་ཡིན་ནམ་ཟེར་ཏོ། ༢༢ ཤ་ཨུལ་གྱི་སྙིང་སྟོབས་རྒྱས་ཤིང་། ཡེ་ཤུ་ནི་མཱ་ཤི་ཀ་ལགས་པ་གསལ་པོར་བསྟན་ཏེ། ད་མཱ་སེག་ན་གནས་པའི་ཡ་ཧུ་དཱ་པ་རྣམས་ཁ་སྐྱེངས་པར་བྱས་སོ༎
༢༣ དུས་རེ་ཞིག་སོང་མཚམས་ཡ་ཧུ་དཱ་པས་ཁོང་གསོད་པའི་ཕྱིར་གྲོས་བྱས་ཀྱང་། ༢༤ ཤ་ཨུལ་གྱིས་དེ་རྟོགས་ཏེ། དེ་ཚོས་ཁོང་གསོད་པའི་ཕྱིར་གྲོང་ཁྱེར་གྱི་རྟ་སྒོ་ཉིན་མཚན་མེད་པར་བསྲུངས་ཀྱང་། ༢༥ ཉེ་གནས་རྣམས་ཀྱིས་ཁོང་མཚན་མོར་ཁྲིད་ནས་ཟེབ་མའི་ནང་དུ་བཅུག་སྟེ་ལྕགས་རི་ནས་དཔྱང་ཐག་ལ་ཕབ་བོ༎
༢༦ ཁོང་ཡེ་རུ་ཤ་ལེམ་དུ་བསླེབས་ནས་ཉེ་གནས་རྣམས་དང་འགྲོགས་པར་བརྩོན་ཀྱང་། ཁོང་ཉེ་གནས་སུ་གྱུར་པར་ཡིད་མ་ཆེས་ནས་དེ་ཐམས་ཅད་འཇིགས་སོ། ༢༧ འོན་ཀྱང་བར་ན་བཱས་ཁོང་སྐུ་ཚབ་རྣམས་ཀྱི་མདུན་དུ་ཁྲིད་དེ། ཤ་ཨུལ་ལ་ལམ་དུ་གཙོ་བོ་མཇལ་བ་དང་། གསུང་གླེང་མཛད་པ་དང་། ད་མཱ་སེག་ཏུ་ཡེ་ཤུའི་མཐུ་ཡིས་སྙིང་སྟོབས་ཆེན་པོས་ཆོས་བསྟན་པ་རྣམས་བཤད་དོ། ༢༨-༢༩ དེ་ནས་ཁོང་དེ་ཚོ་དང་འགྲོགས་ཏེ་ཡེ་རུ་ཤ་ལེམ་ལ་རྒྱུ་ཞིང་གཙོ་བོའི་མཚན་བརྗོད་ཅིང་མ་འཇིགས་པར་ཆོས་བསྟན་ཏོ། ཡ་ཧུ་དཱ་པའི་སློབ་གསར་རྣམས་དང་གླེང་ཞིང་རྩོད་པ་ལས་དེ་ཚོས་ཁོང་གསོད་ཐབས་བཙལ་ཏོ། ༣༠ སྤུན་རྣམས་ཀྱིས་དེ་གོ་ནས་ཁོང་ཀེ་སར་ཡཱ་རུ་བསྐྱལ་ནས་ཏར་སུ་རུ་བཏང་ངོ་༎
༣༡ དེའི་ཚེ་ཡ་ཧུ་དཱ་དང་། ག་ལིལ་དང་། ས་མར་ཡཱ་སོགས་ཡུལ་ཀུན་གྱི་ཆོས་ཚོགས་ནང་བདེ་ཞིང་ཡར་བསྐྱེད་བྱུང་ནས། གཙོ་བོ་ལ་འཇིགས་ཤིང་། དམ་པའི་ཐུགས་ཉིད་ཀྱི་སེམས་བདེའི་ནང་འགྲུལ་ཞིང་ཆོས་ཚོགས་ཀྱང་རྒྱས་པར་གྱུར་ཏོ༎
༣༢ པེ་ཏྲོ་ཕར་ཚུར་རྒྱུ་ཞིང་ལིད་དཱ་རུ་གནས་པའི་མཱ་ཤི་ཀ་པ་རྣམས་ཀྱི་རྩར་ཕྱིན་ཏེ། ༣༣ དེར་ཨེ་ནི་ཡཱ་བྱ་བ་ཉལ་ས་ལ་ཉལ་ནས་ལོ་བརྒྱད་སོང་བའི་གཟའ་ཕོག་ཅིག་གཟིགས་ནས་དེ་ལ། ༣༤ ཨེ་ནི་ཡཱ། ཡེ་ཤུ་མཱ་ཤི་ཀས་ཁྱོད་གསོ་བར་མཛད་པས། ལོངས་ལ་རང་གི་ཉལ་སྟན་སྒྲིལ་ཞིག་གསུངས་མ་ཐག་ཏུ་དེ་ལངས་སོ། ༣༥ ལིད་དཱ་དང་ཤཱ་རོན་ལ་གནས་པ་ཐམས་ཅད་ཀྱིས་དེ་མཐོང་སྟེ། གཙོ་བོའི་ཕྱོགས་སུ་སེམས་བསྒྱུར་ཏོ༎
༣༦ ཡོ་ཕཱ་རུ་ཏ་བི་ཐཱའམ་ཧེལ་ལེན་སྐད་དུ་ཏོར་གཱ་༼བོད་སྐད་དུ་གནའ་མོ་༽ཟེར་བའི་ཉེ་གནས་མ་ཞིག་ཡོད་དེ། དེས་སྦྱིན་པ་སྦྱིན་པ་དང་། ལས་བཟང་མང་པོ་བྱེད་དོ། ༣༧ དེའི་དུས་སུ་མོ་ནད་ཀྱིས་བཏབ་སྟེ་ཤི་ནས། བཀྲུས་ཏེ་སྟེང་ཁང་དུ་བཞག་གོ། ༣༨ ཡོ་ཕཱ་ནི་ལིད་དཱ་དང་ཐག་ཉེ་བས། ཉེ་གནས་རྣམས་ཀྱིས་པེ་ཏྲོ་་ལིད་དཱ་རུ་བཞུགས་པ་ཐོས་ནས། མི་གཉིས་བཏང་སྟེ། མ་འགོར་བར་ང་ཚོའི་རྩར་ཕེབས་ཤིག་ཅེས་ཞུས་སོ། ༣༩ པེ་ཏྲོས་བཞེངས་ནས་དེ་དག་དང་མཉམ་དུ་ཕེབས་སོ། དེར་ཕེབས་པ་དང་། ཁོང་སྟེང་ཁང་དུ་ཁྲིད་དོ། མོ་རེང་མ་ཐམས་ཅད་ཁོང་གི་དྲུང་དུ་ངུ་ཞིང་། དེ་ཚོ་དང་མཉམ་དུ་ཡོད་པའི་ཚེ་ཏོར་གཱས་བཅོས་པའི་གོས་དང་ཕྱུ་པ་རྣམས་པེ་ཏྲོར་བསྟན་ཏོ། ༤༠ པེ་ཏྲོས་དེ་ཐམས་ཅད་ཕྱིར་བཏོན་ནས། པུས་མོ་སར་བཙུགས་ནས་སྨོན་ལམ་འདེབས་སོ། དེ་ནས་རོའི་ཕྱོགས་སུ་ཞལ་སྒྱུར་ཏེ། ཏ་བི་ཐཱ་ལོངས་ཤིག་གསུངས་པ་དང་། མོས་མིག་ཕྱེས་ཏེ། པེ་ཏྲོ་མཇལ་ནས་ཙོག་པུར་ལངས་སོ། ༤༡ པེ་ཏྲོས་དེའི་ལག་པ་ནས་བཟུང་སྟེ། བསླངས་ནས་མཱ་ཤི་ཀ་པ་རྣམས་དང་མོ་རེང་མ་རྣམས་བོས་ནས་མོ་གསོན་པོར་བསྟན་ཏོ། ༤༢ གཏམ་དེ་ཡོ་ཕཱ་ཀུན་དུ་གྲགས་ནས། མི་མང་པོས་གཙོ་བོ་ལ་དད་པ་བྱས་སོ། ༤༣ དེ་ནས་ཁོང་ཡོ་ཕཱ་རུ་ཀོ་མཉེད་པ་ཤི་མོན་བྱ་བ་མཉམ་དུ་རེ་ཞིག་བཞུགས་སོ༎