༡༠
ཨི་ཏ་ལི་པར་གྲགས་པའི་དམག་ཚོགས་ཀྱི་བརྒྱ་དཔོན་ཀོར་ནེ་ལིའུ་བྱ་བ་ཞིག་ཀེ་སར་ཡཱ་རུ་ཡོད་དེ། ༢ ཆོས་ལ་དགའ་ཞིང་ཁྱིམ་ཚང་དང་བཅས་པ་དཀོན་མཆོག་ལ་འཇིགས་ཤིང་། མི་སྡེ་ལ་སྦྱིན་པ་མང་པོ་གཏོང་བ་དང་། དཀོན་མཆོག་ལ་སྨོན་ལམ་བཏབ་པར་བྱེད་དོ། ༣ ཁོས་ཕྱི་དྲོ་ཆུ་ཚོད་གསུམ་པ་ཙམ་ལ་ཞལ་གཟིགས་ནང་དཀོན་མཆོག་གི་ཕོ་ཉ་ཞིག་རང་གི་ནང་དུ་ཕེབས་པ་གསལ་པོར་མཐོང་བས། ཕོ་ཉས་ཀོར་ནེ་ལིའུ་ཞེས་གསུངས་པ་དང་། ༤ སྐྲགས་ཏེ་མིག་ཕུར་ཚུགས་སུ་བལྟས་ནས། ཅི་ལགས་ཞུས་པ་དང་། ཁོང་གིས། དྲན་རྟེན་བཞིན་དུ་ཁྱོད་ཀྱི་སྨོན་ལམ་དང་སྦྱིན་པ་རྣམས་དཀོན་མཆོག་གི་དྲུང་དུ་བསླེབས་པས། ༥ ཡོ་ཕཱ་རུ་མི་ཞིག་གཏོང་ལ། པེ་ཏྲོ་བྱ་བའི་ཤི་མོན་གདན་དྲོངས་ཤིག ༦ ཁོང་རྒྱ་མཚོའི་འགྲམ་དུ་གནས་པའི་ཀོ་མཉེད་པ་ཤི་མོན་གྱི་རྩར་བཞུགས་སོ། ༧ ཞེས་གསུངས་ནས་ཕོ་ཉ་ཕེབས་པ་དང་། གཡོག་པོའི་ནང་ནས་གཉིས་དང་། རྟག་ཏུ་དེའི་མདུན་དུ་སྡོད་པའི་དམག་མིའི་ནང་ནས་ཆོས་སེམས་ཅན་ཞིག་བོས་ཏེ། ༨ ཐམས་ཅད་བཤད་ནས་ཡོ་ཕཱ་རུ་བཏང་ངོ་༎༩ དེའི་སང་ཉིན་མི་ཚོ་ལམ་ལ་ཞུགས་ཤིང་། གྲོང་ཁྱེར་དང་ཉེ་བར་བསླེབས་པའི་ཚེ། ཉིན་ཕྱེད་ཙམ་ལ་པེ་ཏྲོ་ཁང་པའི་ཐོག་ལ་ཐུགས་དམ་ཕྱིར་ཕེབས་སོ། ༡༠ དེ་ནས་ཁོང་བཀྲེས་ཤིང་ཁ་ཟས་གསོལ་འདོད་པས་ཞབས་ཕྱིས་ཟ་མ་བཤམས་པའི་རིང་ལ། ཁོང་དྲན་པ་མཉམ་བཞག་ཏུ་བཞུགས་སྐབས། ༡༡ ནམ་མཁའ་བྱེ་ནས་རས་ཆེན་པོ་འདྲ་བ་ཞིག་གྲུ་བཞི་ནས་བཏགས་པ་ས་ལ་མར་བབས་པ་གཟིགས་སོ། ༡༢ དེའི་ནང་ས་ལ་ཡོད་པའི་རྐང་བཞི་པ་དང་། ལྟོ་འགྲོ་དང་། གནམ་གྱི་འདབ་ཆགས་ཐམས་ཅད་ཡོད་དོ། ༡༣ དེ་ནས་པེ་ཏྲོ། ལོངས་ལ་བསད་དེ་ཟོ་ཞིག་ཅེས་པའི་སྒྲ་ཞིག་བྱུང་ངོ་། ༡༤ པེ་ཏྲོས། གཙོ་བོ་ངས་དེ་མི་བྱ། ངས་ཁ་ཟས་ཕལ་པ་དང་མི་གཙང་བ་ནམ་ཡང་མ་ཟོས་ཞུས་སོ། ༡༥ སྒྲ་དེས་ཡང་སྐྱར་དཀོན་མཆོག་གིས་གཙང་མར་མཛད་པ་རྣམས་ཁྱོད་ཀྱིས་མི་གཙང་བ་ཞེས་མ་ཟེར་གསུངས་སོ། ༡༦ ལན་གསུམ་དེ་ལྟར་བྱུང་ནས་སྣོད་དེ་ནམ་མཁར་དྲངས་སོ༎
༡༧ པེ་ཏྲོས་ཞལ་གཟིགས་དེའི་དོན་དེ་མ་གོ་ཞིང་དེའི་དོན་ཅི་ཡིན་སེམས་པ་ལས། ཀོར་ནེ་ལིའུས་བཏང་བའི་མི་ཚོས་ཤི་མོན་གྱི་ཁང་པ་འཚོལ་ཞིང་རྟ་སྒོར་བསླེབས་ནས། ༡༨ པེ་ཏྲོ་ཞུ་བའི་ཤི་མོན་འདིར་བཞུགས་སམ་ཞེས་སྐད་བརྒྱབས་ནས་དྲིས་སོ། ༡༩ པེ་ཏྲོས་ཞལ་གཟིགས་དེའི་སྐོར་ལ་བསམ་བློ་བཏང་བ་ལས། ཐུགས་ཉིད་ཀྱིས། མི་གསུམ་གྱིས་ཁྱོད་འཚོལ་ལོ། ༢༠ མི་དེ་ཚོ་ངས་བཏང་བས། ལོངས་ལ་མར་བབས་ནས་ཐེ་ཚོམ་མི་བྱེད་པར་དེ་ཚོ་དང་མཉམ་དུ་སོང་ཞིག་ཅེས་གསུངས་པ་དང་། ༢༡ པེ་ཏྲོས་དེ་གསུམ་གྱི་རྩར་མར་ཕེབས་ནས། ཁྱེད་ཚོས་འཚོལ་བའི་མི་དེ་ང་ཡིན། ཁྱེད་ཚོ་འདིར་འོང་བའི་དོན་གང་ཡིན་གསུངས་པ་དང་། ༢༢ དེ་ཚོས་འདི་སྐད་དུ། ཡ་ཧུ་དཱ་པའི་མི་བརྒྱུད་ཐམས་ཅད་ཀྱིས་བསྟོད་པའི་ཀོར་ནེ་ལིའུ་བྱ་བའི་བརྒྱ་དཔོན་དྲང་པོ་དང་། དཀོན་མཆོག་ལ་འཇིགས་པ་དེ་ལ་དམ་པའི་ཕོ་ཉས། དེའི་ཁང་པར་ཁྱེད་གདན་དྲངས་ནས། ཁྱེད་ཀྱིས་གསུངས་པ་ལ་ཉོན་ཅིག་ཅེས་པའི་བཀའ་ཕེབས་སོ་ཞེས་ཞུས་པས། ༢༣ དེ་ཚོ་མགྲོན་པོར་ནང་དུ་བོས་སོ༎
དེའི་སང་ཉིན་བཞེངས་ནས་ཁོང་ཚོ་དང་མཉམ་ཕེབས་པས། ཡོ་ཕཱའི་སྤུན་ཁ་ཤས་ཀྱང་ཞབས་ཕྱིར་སོང་ངོ་། ༢༤ དེའི་སང་ཉིན་ཁོང་ཀེ་སར་ཡཱ་རུ་བསླེབས་སོ། ཀོར་ནེ་ལིའུས་ཁོང་ཚོར་སྒུག་ཅིང་དེར་རང་གི་གཉེན་དང་གྲོགས་པོ་ཉེ་བ་རྣམས་བསྡུས་ཡོད་དོ། ༢༥ པེ་ཏྲོ་དེར་ཕེབས་པ་དང་ཀོར་ནེ་ལིའུས་མཇལ་ཞིང་། ཞབས་ལ་མགོ་བཏུད་དེ་ཕྱག་བཙལ་ཏོ། ༢༦ པེ་ཏྲོས་ཁོ་བསླངས་ཏེ། ལོངས་ཤིག་ངའང་མི་ཞིག་ལས་གཞན་མིན་གསུང་ཞིང་། ༢༧ དེ་དང་གཏམ་གླེང་ཞིང་ནང་དུ་ཕེབས་པས་མི་མང་པོ་འཛོམས་ཡོད་པར་གཟིགས་སོ། ༢༨ དེ་རྣམས་ལ། ཡ་ཧུ་དཱ་པ་ཞིག་མི་བརྒྱུད་གཞན་གྱི་མི་ཞིག་དང་འགྲོགས་པའམ། དེའི་ཁྱིམ་དུ་འགྲོ་བ་མི་རུང་བ་ཡིན་པ་དེ་ཁྱེད་ཚོས་ཤེས་སོ། འོན་ཀྱང་དཀོན་མཆོག་གིས་ང་ལ། སུའང་ཕལ་པའམ་མི་གཙང་བར་རྩིར་མི་རུང་བ་ཡིན་པ་དེ་སྟོན་པར་མཛད་དོ། ༢༩ དེའི་ཕྱིར་ང་བོས་པར་མི་ཡོང་མ་ཟེར་བར་འོངས་པ་ཡིན། ད་ང་ཅིའི་ཕྱིར་བོས་ཞེས་ཁྱེད་ལ་འདྲིའོ། གསུངས་པ་དང་། ༣༠ ཀོར་ནེ་ལིའུས། དེ་རིང་ནས་ཉི་མ་བཞིའི་སྔོན་གྱི་ཆུ་ཚོད་འདི་རང་ལ་ངས་ཁང་པའི་ནང་དུ་ཕྱི་དྲོའི་སྨོན་ལམ་འདེབས་པའི་ཚེ། གོས་འོད་ཅན་གོན་པའི་མི་ཞིག་ངའི་མདུན་དུ་བཞེངས་ནས་ངར་གསུངས་པ། ༣༡ ཀོར་ནེ་ལིའུ། དཀོན་མཆོག་གིས་ཁྱོད་ཀྱི་སྨོན་ལམ་གསན་ཏེ། ཁྱོད་ཀྱི་སྦྱིན་པ་རྣམས་ལ་ཐུགས་མཉེས་སོ། ༣༢ ཡོ་ཕཱ་རུ་མི་བཏང་སྟེ་པེ་ཏྲོ་བྱ་བའི་ཤི་མོན་བོས་ཤིག ཁོང་རྒྱ་མཚོའི་འགྲམ་དུ་ཀོ་མཉེད་པ་ཤི་མོན་གྱི་ཁྱིམ་ན་གནས་སོ། ༣༣ ཞེས་གསུངས་མ་ཐག་ཏུ་གདན་འདྲེན་ཞུ་མི་བཏང་བ་ཡིན། ཁྱེད་ཕེབས་པ་ཐུགས་རྗེ་ཆེའོ། ད་གཙོ་བོས་ཁྱེད་ལ་གསུངས་པ་ཐམས་ཅད་ཉན་པའི་དོན་དུ། ང་ཚོ་དཀོན་མཆོག་གི་སྤྱན་སྔར་འདིར་འཛོམས་ཡོད་ཞུས་སོ༎
༣༤ པེ་ཏྲོས་ཞལ་ཕྱེས་ནས་གསུངས་པ། དཀོན་མཆོག་གིས་ཕྱོགས་རིས་མི་མཛད་པ་ངས་བདེན་པར་མཐོང་ངོ་། ༣༥ མི་བརྒྱུད་ཐམས་ཅད་ཀྱི་ནང་ནས་ཁོང་ལ་འཇིགས་ཤིང་ལས་དྲང་པོ་བྱེད་ཚད་ལ་ཁོང་མཉེས་སོ། ༣༦-༣༧ ཐམས་ཅད་ཀྱི་གཙོ་བོ་ལགས་པའི་ཡེ་ཤུ་མཱ་ཤི་ཀས་ཞི་བདེའི་ཕྲིན་བཟང་བསྒྲགས་པའི་བཀའ། གང་དེ་ཡོ་ཧ་ནན་གྱིས་ཁྲུས་གསོལ་གྱི་ཆོས་བཤད་པའི་རྗེས་སུ་ག་ལིལ་ནས་བཟུང་སྟེ་ཡ་ཧུ་དཱ་ཡུལ་ཀུན་ཏུ་བསྒྲགས་པ། དེ་ནི་དཀོན་མཆོག་གིས་ཨིས་ར་ཨེལ་པར་གནང་བ་ཁྱེད་ཀྱིས་ཤེས་སོ། ༣༨ ན་ཙཱ་རེད་པ་ཡེ་ཤུ་དེ་ནི་དཀོན་མཆོག་གིས་དམ་པའི་ཐུགས་ཉིད་དང་མཐུ་ཡིས་བྱུགས་ཏེ། དཀོན་མཆོག་ཁོང་དང་འགྲོགས་པས། ཀུན་ཏུ་གཤེགས་ཤིང་། བདུད་ཀྱིས་མནན་པ་ཐམས་ཅད་གསོ་ཞིང་ཕྱོགས་ཀུན་ཏུ་བཀའ་དྲིན་མཛད་ཅིང་ཕེབས་སོ། ༣༩ ཡ་ཧུ་དཱ་ཡུལ་དང་ཡེ་རུ་ཤ་ལེམ་གཉིས་པོར་ཇི་དང་ཇི་མཛད་པ་ཐམས་ཅད་ཀྱི་དཔང་པོ་ང་ཚོ་ཡིན། དེ་ཚོས་ཁོང་ཤིང་ལ་སྦྱར་ཏེ་བཀྲོངས་སོ། ༤༠ འོན་ཀྱང་དཀོན་མཆོག་གིས་ཞག་གསུམ་པ་ལ་ཁོང་སྐུ་གསོན་པོར་བསླངས་ནས་མངོན་པར་མཛད་དོ། ༤༡ ཐམས་ཅད་ལ་མངོན་པར་མ་མཛད་པར། ང་ཚོ་དཀོན་མཆོག་གིས་སྔར་འདམས་པའི་དཔང་པོ་ཡིན་པ་ཁོང་བཞེངས་པའི་རྗེས་སུ་ཁོང་དང་མཉམ་ཟ་ཞིང་འཐུངས་པ་རྣམས་ལ་ཁོང་མངོན་པར་མཛད་དོ། ༤༢ ཁོང་གིས་ང་ཚོར། མི་སྡེ་ལ་ཆོས་འཆད་པ་དང་། དཀོན་མཆོག་གིས་བསྐོས་པའི་གསོན་གཤིན་གཉིས་ཀྱི་ཁྲིམས་དཔོན་ནི་ཁོང་ལགས་པ་སྟོན་པའི་ཕྱིར་བཀའ་སྩལ་ཏོ། ༤༣ ཁོང་ལ་དད་པ་བྱེད་ཚད་ལ་ཁོང་གི་མཚན་གྱི་མཐུས་སྡིག་སེལ་ཐོབ་པར་འགྱུར་རོ་ཞེས་ལུང་སྟོན་པ་ཐམས་ཅད་ཀྱིས་དཔང་པོ་བྱེད་དོ༎
༤༤ པེ་ཏྲོས་དེ་ལྟར་གསུང་བའི་འཕྲོ་ལ། བཀའ་ཐོས་པ་ཐམས་ཅད་ལ་དམ་པའི་ཐུགས་ཉིད་བབས་སོ། ༤༥-༤༦ པེ་ཏྲོ་དང་མཉམ་དུ་འོངས་པའི་དད་པར་གྱུར་པའི་ཡ་ཧུ་དཱ་པ་རྣམས་ཀྱིས་ཕྱི་པ་ལའང་དམ་པའི་ཐུགས་ཉིད་ཀྱི་གནང་སྦྱིན་བབས་ཤིང་། སྐད་སོ་སོར་སྨྲ་ཞིང་དཀོན་མཆོག་ལ་བསྟོད་པ་ཐོས་ཏེ་ངོ་མཚར་དུ་གྱུར་ཏོ། ༤༧ པེ་ཏྲོས། ང་ཚོ་འདྲ་བར་དམ་པའི་ཐུགས་ཉིད་ཐོབ་པའི་མི་འདི་ཚོར་ཁྲུས་གསོལ་གྱི་ཆུ་སུས་འགེགས་པར་ནུས་གསུངས་ཏེ། ༤༨ ཡེ་ཤུ་མཱ་ཤི་ཀའི་མཚན་བརྗོད་ཅིང་དེ་ཚོར་ཁྲུས་གསོལ་ཞིག་ཅེས་བཀའ་སྩལ་ཏོ། ཡང་ཁོང་ལ་ཞག་འགའ་ཞིག་དེར་བཞུགས་པར་མཛོད་ཅེས་ཞུས་སོ༎