༡༡
སྐུ་ཚབ་དང་ཡ་ཧུ་དཱ་རུ་ཡོད་པའི་སྤུན་རྣམས་ཀྱིས། ཕྱི་པ་རྣམས་ཀྱིས་ཀྱང་དཀོན་མཆོག་གི་བཀའ་བླངས་པའི་གཏམ་དག་ཐོས་སོ། ༢ པེ་ཏྲོ་་ཡེ་རུ་ཤ་ལེམ་དུ་ཕེབས་པ་དང་། ཡ་ཧུ་དཱ་པ་ཡིན་པའི་སྤུན་ཚོས་ཁོང་ལ་རྩོད་དེ། ༣ ཁྱེད་ཅི་ལ་ཕྱི་པ་རྣམས་ཀྱི་རྩར་སོང་ནས། དེ་ཚོ་དང་མཉམ་ཁ་ཟས་ཟོས་པ་ཡིན་ཞེས་སྨྲས་པས། ༤ པེ་ཏྲོས་རིམ་གྱིས་རྒྱུ་མཚན་བཤད་དེ་འདི་སྐད་དུ། ༥ ང་གྲོང་ཁྱེར་ཡོ་ཕཱ་ན་ཐུགས་དམ་ལ་ཡོད་པ་ལས། དྲན་པ་མཉམ་བཞག་གི་ངང་ནས་ཞལ་གཟིགས་ནང་རས་ཆེན་པོ་འདྲ་བ་ཞིག་གྲུ་བཞི་ནས་བཏགས་ཏེ་ནམ་མཁའ་ལས་ངའི་མདུན་དུ་བབས་པར་མཐོང་བྱུང་། ༦ ཞིབ་ཏུ་བལྟས་པས་ས་ལ་ཡོད་པའི་རྐང་བཞི་པ་དང་། གཅན་གཟན་དང་། ལྟོ་འགྲོ་དང་། གནམ་གྱི་འདབ་ཆགས་ཐམས་ཅད་དེར་ཡོད་པ་མཐོང་བ་དང་། ༧ པེ་ཏྲོ། ལོངས་ལ་བསད་དེ་ཟོ་ཞིག་ཅེས་པའི་སྒྲ་ཞིག་ཐོས་སོ། ༨ ངས་གཙོ་བོ། དེ་མི་བྱ། ཁ་ཟས་ཕལ་པ་དང་མི་གཙང་བ་ཞིག་ནམ་ཡང་ངའི་ཁའི་ནང་བསླེབས་མ་མྱོང་ཞུས་ཀྱང་། ༩ ནམ་མཁའ་ལས་སྒྲ་དེས་ཡང་སྐྱར། དཀོན་མཆོག་གིས་གཙང་བར་མཛད་པ་དེ་ཁྱོད་ཀྱིས་མི་གཙང་བ་ཞེས་མ་ཟེར་གསུངས་སོ། ༡༠ ལན་གསུམ་དེ་ལྟར་བྱུང་ནས་དེ་ཐམས་ཅད་ནམ་མཁར་དྲངས་སོ། ༡༡ དུས་དེ་ཉིད་དུ་ཀེ་སར་ཡཱ་ནས་ངའི་རྩར་བཏང་བའི་མི་གསུམ་ང་སྡོད་པའི་ཁང་པར་བསླེབས་ཏེ། ༡༢ ཐུགས་ཉིད་ཀྱིས་ང་ལ། ཁྱོད་ཐེ་ཚོམ་མི་བྱེད་པར་མི་དེ་ཚོ་དང་མཉམ་དུ་སོང་ཞིག་ཅེས་གསུངས་སོ། སྤུན་འདི་དྲུག་པོའང་ང་དང་མཉམ་དུ་ཕྱིན་ནས་མི་དེའི་ཁང་པའི་ནང་ཞུགས་པ་དང་། ༡༣ དེས་ང་ཚོར། ཁོས་ཁྱིམ་ནང་ཕོ་ཉ་ཞིག་འགྲེང་ཞིང་ཁོ་ལ། ཡོ་ཕཱ་རུ་མི་ཞིག་ཐོང་ལ་པེ་ཏྲོ་བྱ་བའི་ཤི་མོན་བོས་ཤིག ༡༤ ཁྱོད་དང་ཁྱོད་ཀྱི་ཁྱིམ་ཚང་ཐམས་ཅད་ཐར་པའི་བཀའ་འཆད་པར་འགྱུར་ཞེས་གསུངས་པ་མཐོང་བྱུང་ཞེས་བཤད་བྱུང་། ༡༥ ངས་དེ་ཚོར་གཏམ་བྱེད་པར་བརྩམས་པ་ལས། སྔར་ང་ཚོར་དམ་པའི་ཐུགས་ཉིད་བབས་པ་བཞིན་དུ་དེ་ཚོ་ལའང་བབས་སོ། ༡༦ ཡོ་ཧ་ནན་གྱིས་ཆུའི་ཁྲུས་བཏང་ཡང་། ཁྱེད་ལ་དམ་པའི་ཐུགས་ཉིད་ཀྱི་ཁྲུས་གསོལ་བར་འགྱུར་ཞེས་གཙོ་བོས་གསུངས་པ་ངས་དྲན་བྱུང་། ༡༧ ང་ཚོས་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ལ་དད་པའི་ཚེ་གནང་བའི་གནང་སྦྱིན་དེ་ཀ་རང་། དཀོན་མཆོག་གིས་དེ་ཚོར་ཡང་གནང་ན། དཀོན་མཆོག་ལ་འགེགས་པར་ནུས་པའི་མི་ང་སུ་ཡིན་ཞེས་གསུངས་སོ། ༡༨ དེ་ཐོས་པ་དང་དེ་ཚོ་ཅིའང་མི་སྨྲ་བར་གྱུར་ཏེ། དཀོན་མཆོག་གིས་ཕྱི་པ་རྣམས་ལའང་ཚེ་མཐའ་མེད་པ་ཐོབ་པའི་ཕྱིར་སེམས་འགྱུར་བར་གནང་ངོ་ཟེར་ཞིང་དཀོན་མཆོག་ལ་བསྟོད་བསྔགས་སོ༎༡༩ སེ་ཏེ་ཕན་ནས་བཟུང་སྟེ་འཚེ་བ་བྱུང་བའི་རྐྱེན་གྱིས་ཉེ་གནས་རྣམས་ཁ་གྱེས་ནས། ཕེ་ནི་ཀེ་དང་། སིབ་རུས་དང་། ཨན་ཏི་ཡོག་བར་དུ་ཕྱིན་ཏེ། ཡ་ཧུ་དཱ་པར་མ་གཏོགས་གཞན་སུ་ལའང་བཀའ་མ་བཤད་དོ། ༢༠ འོན་ཀྱང་སིབ་རུས་དང་ཀི་རེ་ནེ་པ་ཁ་ཤས་ཨན་ཏི་ཡོག་ཏུ་བསླེབས་ནས། ཧེལ་ལེན་པ་རྣམས་དང་ཆོས་གླེང་ཞིང་གཙོ་བོ་ཡེ་ཤུའི་ཕྲིན་བཟང་དེ་དག་ལ་བཤད་དོ། ༢༡ གཙོ་བོའི་མཐུ་ཡིས་མི་ཤིན་ཏུ་མང་པོ་དད་པར་གྱུར་ཏེ། གཙོ་བོ་ལ་བསྟེན་ཏོ། ༢༢ ཡེ་རུ་ཤ་ལེམ་གྱི་ཆོས་ཚོགས་པས་དེ་ཐོས་ནས། ཨན་ཏི་ཡོག་ཏུ་བར་ན་བཱ་བཏང་བས། ༢༣ དེར་བསླེབས་ནས་དཀོན་མཆོག་གི་ཐུགས་རྗེ་མཐོང་སྟེ། དགའ་བར་གྱུར་ནས། སྙིང་རུས་ཆེན་པོས་དེ་ཚོར་གཙོ་བོ་ལ་བསྟེན་པའི་སྐུལ་མ་གནང་ངོ་། ༢༤ ཁོང་ཡང་རྒྱུད་བཟང་ཞིང་དད་པ་དང་དམ་པའི་ཐུགས་ཉིད་ཀྱིས་གང་བ་ཞིག་སྟེ། ཚོགས་ཆེན་པོ་ཞིག་གིས་གཙོ་བོར་བསྟེན་ཏོ། ༢༥ བར་ན་བཱ་་ཤ་ཨུལ་འཚོལ་དུ་ཏར་སུ་རུ་ཕེབས་ནས། ༢༦ ཁོང་བརྙེས་པ་དང་ཨན་ཏི་ཡོག་ཏུ་ཁྲིད་དེ། ལོ་འཁོར་ཞིག་གི་བར་དུ་ཆོས་ཚོགས་དང་འགྲོགས་ཤིང་། མི་མང་པོ་ལ་ཆོས་བསྟན་ཏོ། ཉེ་གནས་རྣམས་ལ་མཱ་ཤི་ཀ་པ་ཞེས་པའི་མིང་ཐོག་མར་ཨན་ཏི་ཡོག་ཏུ་ཐོགས་སོ༎
༢༧ དེའི་དུས་སུ་ལུང་སྟོན་པ་རེ་ཡེ་རུ་ཤ་ལེམ་ནས་ཨན་ཏི་ཡོག་ཏུ་བསླེབས་སོ། ༢༨ དེ་ཚོའི་ནང་ནས་ཨ་ག་བུ་བྱ་བ་དེ་ལངས་ནས། ས་གཞི་ཐམས་ཅད་དུ་མུ་གེ་ཆེན་པོ་ཞིག་འབྱུང་བར་འགྱུར་ཞེས་ཐུགས་ཉིད་ཀྱི་སྒོ་ནས་ལུང་བསྟན་པས། ཀ་ལོ་དིའུའི་དུས་སུ་དེ་བཞིན་དུ་བྱུང་ངོ་། ༢༩ ཉེ་གནས་ཚོས་ཡ་ཧུ་དཱ་རུ་གནས་པའི་སྤུན་རྣམས་ལ་ཁོང་ཚོ་རེ་རེས་ལྕོགས་ཚད་བཞིན་དུ་མཐུན་རྐྱེན་སྐུར་བར་ཐག་བཅད་ནས། ༣༠ དེ་བཞིན་བྱས་ཏེ། བར་ན་བཱ་དང་ཤ་ཨུལ་རྒྱུད་ནས་རྒན་མི་རྣམས་ལ་བསྐུར་ཏོ༎