༡༢
དུས་དེ་ཙམ་ལ་རྒྱལ་པོ་ཧེ་རོ་དཱེས་ཆོས་ཚོགས་ལ་གཏོགས་པ་རེ་ལ་བཙེས་ཤིང་།  ཡོ་ཧ་ནན་གྱི་ཕུ་བོ་ཡ་ཀོབ་རལ་གྲིས་བསད་དོ།  དེ་ལ་ཡ་ཧུ་དཱ་པ་རྣམས་དགའ་བར་མཐོང་ནས། པེ་ཏྲོའང་བཟུང་ངོ་། དེ་ཙ་ན་སྐྱུར་རྩི་མེད་པའི་བག་ལེབ་ཀྱི་དུས་ཆེན་ཡིན་ནོ།  པེ་སག་གི་དུས་ཆེན་རྫོགས་པའི་རྗེས་སུ་མི་སྡེའི་མདུན་དུ་ཁོང་ཁྲིད་པའི་བསམ་པས། ཁོང་བཟུང་ནས་བཙོན་དུ་བཅུག་སྟེ། དམག་མི་བཞི་སྡེའི་ཚོ་བཞི་ལ་བསྲུང་བར་བཏད་དོ།  དེ་ལྟར་པེ་ཏྲོ་བཙོན་ཁང་ནང་ཡོད་དེ། ཆོས་ཚོགས་ཀྱིས་སྙིང་ཐག་པ་ནས་ཁོང་གི་དོན་དུ་དཀོན་མཆོག་ལ་སྨོན་ལམ་བཏབ་བོ༎
 ཧེ་རོ་དཱེས་ཁོང་འདོན་པར་བརྩམས་པའི་མཚན་དེ་རང་ལ། པེ་ཏྲོ་ལྕགས་སྒྲོག་གཉིས་ཀྱིས་བཅིངས་ནས་དམག་མི་གཉིས་ཀྱི་བར་ལ་ཉལ་ཡོད་དེ། སྲུང་མཁན་གཞན་རྣམས་ཀྱིས་བཙོན་ཁང་གི་སྒོ་བསྲུངས་སོ།  གཙོ་བོའི་ཕོ་ཉ་ཞིག་བྱུང་ནས། ཁང་མིག་ནང་འོད་ཤར་ཏེ། ཕོ་ཉས་པེ་ཏྲོའི་གཞོགས་ལ་བརྡུངས་ནས་གཉིད་སད་དེ། མགྱོགས་པར་ལོངས་ཤིག་གསུངས་པ་དང་། ལག་པ་ནས་ལྕགས་སྒྲོག་རྣམས་གྲོལ་ལོ།  ཕོ་ཉས་ཁོང་ལ། སྐ་རགས་ཆིང་ལ་ལྷམ་གོན་ཅིག་ཅེས་གསུངས་པས། དེ་བཞིན་དུ་མཛད་དོ། ཡང་ཕོ་ཉས། བླ་གོས་གོན་ནས་ངའི་རྗེས་སུ་ཤོག་ཅེས་གསུངས་པས།  རྗེས་སུ་འབྲངས་ཤིང་ཕྱི་རོལ་དུ་ཐོན་ནོ། ཕོ་ཉས་མཛད་པ་དེ་མངོན་སུམ་ཡིན་པར་མ་ཤེས་པར། ཞལ་གཟིགས་ཡིན་པར་བསམ་མོ། ༡༠ ཁོང་གཉིས་སྲུང་མཁན་དང་པོ་དང་གཉིས་པ་ནས་བརྒལ་ཏེ་གྲོང་ཁྱེར་དུ་འགྲོ་བའི་ལྕགས་སྒོའི་མདུན་དུ་བསླེབས་པ་དང་། སྒོ་དེ་རང་བཞིན་གྱིས་བྱེ་སྟེ། དེ་དག་ཕྱི་རོལ་དུ་ཐོན་ནས། ལམ་སྲང་ཞིག་ནས་ཕར་སོང་མ་ཐག་ཏུ་ཕོ་ཉས་ཁོང་བོར་ནས་ཕེབས་སོ། ༡༡ པེ་ཏྲོ་ལ་དྲན་པ་འཁོར་ནས། གཙོ་བོས་ཕོ་ཉ་མངགས་ནས་ཧེ་རོ་དཱེའི་དབང་དང་། ཡ་ཧུ་དཱ་པའི་མི་སྡེའི་དམིགས་དོན་ཐམས་ཅད་ལས་ང་ཐར་བར་མཛད་པར་གསལ་ལོ་ཞེས་གསུངས་སོ། ༡༢ དེ་མཁྱེན་ནས་མར་ཀུ་བྱ་བའི་ཡོ་ཧ་ནན་གྱི་མ་མིར་ཡམ་གྱི་ཁང་པར་ཕེབས་སོ། དེར་མི་མང་པོ་འཛོམས་ནས་སྨོན་ལམ་འདེབས་ཀྱིན་ཡོད་དེ། ༡༣ པེ་ཏྲོས་སྒོ་བརྡུངས་པ་དང་། རོ་དཱེ་བྱ་བའི་གཡོག་མོ་དེས་སུ་ཡིན་པ་བལྟ་རུ་འོངས་པས། ༡༤ དེས་པེ་ཏྲོའི་གསུང་སྐད་ངོ་ཤེས་ནས་དགའ་དྲགས་ཏེ་སྒོ་མ་ཕྱེ་བར་ནང་དུ་བརྒྱུགས་ནས། པེ་ཏྲོ་སྒོར་བཞུགས་སོ་ཞེས་བཤད་དོ། ༡༥ དེ་ཚོས་ཁྱོད་སྨྱོའོ་ཟེར་ཡང་མོས་དེ་བཞིན་འདུག་ཅེས་ཨུ་ཚུགས་བྱས་པས། དེ་ཚོས་ཁོའི་སེམས་ཉིད་ཡིན་སྨྲས་སོ། ༡༦ པེ་ཏྲོས་སྒོ་རྡུང་གིན་བཞུགས་པས། དེ་ཚོས་སྒོ་ཕྱེས་ཏེ་ཁོང་མཇལ་བ་དང་ངོ་མཚར་དུ་གྱུར་ཏོ། ༡༧ དེ་ཚོར་ཁ་རོག་སྡོད་ཕྱིར་ཕྱག་བརྡ་མཛད་ནས། གཙོ་བོས་ཁོང་བཙོན་རྭ་ནས་ཇི་ལྟར་བཏོན་པ་རྣམས་བཤད་དེ། བྱ་བ་དེ་ཡ་ཀོབ་དང་སྤུན་རྣམས་ལ་ཤོད་ཅིག་ཅེས་གསུངས་ནས་དེ་ནས་བཤེགས་ཏེ་ཡུལ་གཞན་དུ་ཕེབས་སོ། ༡༨ ནམ་ལངས་པ་དང་པེ་ཏྲོར་ཇི་བྱུང་བའི་སྐོར་དམག་མིའི་ནང་དུ་ཟིང་ཆ་ཆེན་པོ་བྱུང་ངོ་། ༡༩ ཧེ་རོ་དཱེས་བཀུག་དུས་ཁོང་མེད་པས་བཙོན་སྲུང་པ་རྣམས་ལ་ཞིབ་དཔྱོད་ཀྱིས་དེ་ཚོ་གསོད་ཅིག་ཅེས་བཀའ་བསྒོས་ནས་ཡ་ཧུ་དཱ་ནས་སོང་སྟེ་ཀེ་སར་ཡཱ་རུ་གནས་སོ༎
༢༠ ཧེ་རོ་དཱེ་་ཚོར་དང་ཚི་དོན་པ་རྣམས་དང་འཁྲུགས་ཏེ། དེ་ཚོའི་ཡུལ་གྱི་འཚོ་ཚིས་རྒྱལ་པོའི་ཡུལ་ལ་རག་ལས་པས། དེ་ཚོ་འདུས་ནས་གཟིམས་དཔོན་བ་ལས་ཏུ་ལ་ནན་བསྐུལ་གྱིས། རྒྱལ་པོའི་དྲུང་དུ་སོང་སྟེ་བཟང་སྒྲིག་བྱེད་པའི་ཞུ་བ་ཕུལ་ལོ། ༢༡ བསྐོས་པའི་ཉིན་མོ་དེར་ཧེ་རོ་དཱེ་རྒྱལ་པོའི་ན་བཟའ་གསོལ་ནས་རྒྱལ་ཁྲི་ལ་འཁོད་དེ། བཀའ་མཆིད་མཛད་དོ། ༢༢ མི་ཚོགས་ཀྱིས་འདི་ནི་མིའི་སྐད་མ་ཡིན་ལྷའི་གསུང་སྐད་ལགས་སོ་ཞེས་འབོད་བསྒྲགས་སོ། ༢༣ རྒྱལ་པོས་བསྟོད་པ་དེ་དཀོན་མཆོག་ལ་མ་ཕུལ་པས། དེ་མ་ཐག་ཏུ་གཙོ་བོའི་ཕོ་ཉས་བརྡུངས་ནས་སྲིན་བུས་ཟོས་ནས་ཤིའོ༎
༢༤ དཀོན་མཆོག་གི་བཀའ་ནི་དར་ཞིང་རྒྱས་སོ། ༢༥ བར་ན་བཱ་དང་ཤ་ཨུལ་་ཡེ་རུ་ཤ་ལེམ་དུ་བརྫངས་པའི་ལས་བསྒྲུབས་ནས་མར་ཀུ་བྱ་བའི་ཡོ་ཧ་ནན་ཀྱང་ཁྲིད་ནས་ཕྱིར་ལོག་ཕེབས་སོ༎