༡༣
ཨན་ཏི་ཡོག་གི་ཆོས་ཚོགས་ནང་བར་ན་བཱ་དང་། མི་ནག་བྱ་བའི་ཤིམ་ཨོན་དང་། ཀི་རེ་ནེ་པ་ལུ་ཀིའུ་དང་། ལྗོངས་དཔོན་ཧེ་རོ་དཱེའི་རྩེད་གྲོགས་ཡིན་པའི་མ་ན་ཧེན་དང་། ཤ་ཨུལ་ལ་སོགས་པའི་ལུང་སྟོན་པ་དང་སློབ་དཔོན་རྣམས་ཡོད་དོ། ༢ དེ་ཚོ་གཙོ་བོ་ལ་བསྙེན་བཀུར་བྱེད་ཅིང་སྨྱུང་བར་གནས་པའི་ཚེ། དམ་པའི་ཐུགས་ཉིད་ཀྱིས། བར་ན་བཱ་དང་ཤ་ཨུལ་གཉིས་ངས་བཅོལ་བའི་ལས་ཚན་གྱི་ཕྱིར་སོ་སོར་ཞོག་ཅིག་ཅེས་གསུངས་སོ། ༣ སྨྱུང་གནས་བསྲུང་ཞིང་སྨོན་ལམ་བཏབ་སྟེ་དེ་གཉིས་ཀྱི་སྟེང་དུ་ལག་པ་བཞག་ནས་བཏང་ངོ་༎༤ དམ་པའི་ཐུགས་ཉིད་ཀྱིས་མངགས་ཏེ་དེ་གཉིས་སེ་ལུ་ཀི་རུ་ཕེབས་ཤིང་། དེ་ནས་སིབ་རུས་ལ་ཆུ་ཐོག་ཏུ་ཕེབས་སོ། ༥ ས་ལཱ་མི་རུ་བྱོན་པ་དང་ཡ་ཧུ་དཱ་པའི་འདུ་ཁང་ཀུན་གྱི་ནང་དཀོན་མཆོག་གི་བཀའ་བཤད་དོ། ཡོ་ཧ་ནན་ཁོང་གི་ཕྱག་ཕྱིར་ཡོད་པ་ཡིན། ༦ གླིང་ཕྲན་དེ་འཁོར་ཞིང་ཕ་ཕོའི་བར་དུ་བསླེབས་ནས། སྒྱུ་མ་མཁན་ཡིན་པའི་ཡ་ཧུ་དཱ་པའི་ལུང་སྟོན་པ་རྫུས་མ་བཱར་ཡེ་ཤུ་བྱ་བ་ཞིག་དང་ཕྲད་དོ། ༧ དེ་ནི་རོ་མཱ་པའི་སྤྱི་ཁྱབ་སེར་གེའུ་པའུ་ལུ་བྱ་བ་བློ་ལྡན་དེ་དང་མཉམ་ཡོད་པ་ཡིན། སྤྱི་ཁྱབ་དེས་བར་ན་བཱ་དང་ཤ་ཨུལ་གཉིས་བོས་ནས་དཀོན་མཆོག་གི་བཀའ་ཐོས་པར་འདོད་དོ། ༨ འོན་ཀྱང་ཨེ་ལི་མཱ་བྱ་བའི་སྒྱུ་མ་མཁན་དེས་དེ་དག་ལ་རྒོལ་ཏེ། སྤྱི་ཁྱབ་དེ་དད་པ་ལས་ཟློག་པར་འདོད་པས། ༩ པའུ་ལུ་བྱ་བའི་ཤ་ཨུལ་ལ་དམ་པའི་ཐུགས་ཉིད་ཀྱིས་ཁྱབ་སྟེ། མི་དེ་ལ་སྤྱན་ཕུར་ཚུགས་སུ་གཟིགས་ཤིང་། ༡༠ གཡོ་སྒྱུ་དང་ངན་པས་གང་བའི་བདུད་ཀྱི་བུ་ཁྱོད། དྲང་བ་ཐམས་ཅད་ཀྱི་དགྲ་བོ་ཁྱོད། གཙོ་བོའི་ལམ་དྲང་པོ་དེ་ཁྱོག་པོར་བྱེད་པ་མི་སྤོང་ངམ། ༡༡ ད་གཙོ་བོའི་ཆད་པ་ཁྱོད་ཀྱི་སྟེང་དུ་ཡོད་པས། ཁྱོད་རེ་ཞིག་ལོང་བར་གྱུར་ཏེ་ཉི་མ་མིག་གིས་མཐོང་བར་མི་འགྱུར་ཞེས་གསུངས་མ་ཐག་ཏུ། དེ་ལ་ན་བུན་དང་མུན་པས་འཐིབས་ནས། ལག་པ་ནས་འཁྲིད་མཁན་འཚོལ་ཞིང་འཁོར་རོ། ༡༢ སྤྱི་ཁྱབ་ཀྱིས་བྱ་བ་དེ་མཐོང་ནས་གཙོ་བོའི་བསྟན་པར་ངོ་མཚར་དུ་གྱུར་ཏེ་དད་པ་བྱས་སོ༎
༡༣ པའུ་ལུ་འཁོར་དང་བཅས་ཕ་ཕོ་ནས་ཆུ་ཐོག་ཏུ་ཕམ་ཕིལ་ཡཱ་ཡུལ་གྱི་གྲོང་ཁྱེར་པེར་གེ་བྱ་བར་ཕེབས་སོ། ཡོ་ཧ་ནན་ཁོང་དང་གྱེས་ནས་ཡེ་རུ་ཤ་ལེམ་དུ་ལོག་གོ། ༡༤ ཁོང་ཚོ་པེར་གེ་རྒྱུད་ནས་པི་སིད་ཡུལ་གྱི་ཨན་ཏི་ཡོག་ཏུ་བྱོན་ནས་ཤབ་བཱད་ཀྱི་ཞག་ལ་འདུ་ཁང་ནང་དུ་བཞུགས་སོ། ༡༥ བཀའ་ཁྲིམས་དང་ལུང་སྟོན་པའི་མདོ་ལས་བཀླགས་པའི་རྗེས་སུ་འདུ་ཁང་གི་དབུ་མཛད་ཚོས་ཁོང་ལ། སྤུན་རྣམས་ཁྱེད་ལ་མི་སྡེའི་ཕྱིར་སྐུལ་མ་ཞིག་ཡོད་ན་གསུང་ཞིག་ཅེས་ལོན་བསྐུར་པ་དང་།
༡༦ པའུ་ལུ་བཞེངས་ནས་ཕྱག་བརྡ་མཛད་དེ་འདི་སྐད་དུ། ཨིས་ར་ཨེལ་པ་རྣམས་དང་དཀོན་མཆོག་ལ་འཇིགས་མཁན་ཁྱེད་རྣམས་གསོན་ཅིག ༡༧ ཨིས་ར་ཨེལ་གྱི་མི་སྡེ་འདིའི་དཀོན་མཆོག་གིས་ང་ཚོའི་ཕ་མེས་རྣམས་འདམས་ཏེ། མི་སྡེ་དེ་མི་སེར་ཡུལ་ན་གནས་པའི་ཚེ་འཕེལ་བར་མཛད་དེ། མཐུ་ལྡན་གྱི་ཕྱག་གིས་ཡུལ་དེ་ལས་བཏོན་ནས། ༡༨ འབྲོག་སྟོང་ནང་ལོ་བཞི་བཅུ་ཙམ་དེ་ཚོར་བཟོད་པ་མཛད་དོ། ༡༩-༢༠ ཡང་ཀ་ན་ཨན་ཟེར་བའི་ཡུལ་ནང་མི་རིགས་བདུན་མེད་པར་མཛད་ནས། དེ་ཚོའི་ཡུལ་ཁོང་ཚོར་ལོ་བཞི་བརྒྱ་དང་ལྔ་བཅུ་ཙམ་གྱི་ཕྱིར་ས་སྐལ་དུ་གནང་བ་ཡིན་ནོ། དེའི་རྗེས་ལ་ལུང་སྟོན་པ་ཤ་མུ་ཨེལ་གྱི་བར་དུ་ཁྲིམས་དཔོན་རྣམས་གནང་ངོ་། ༢༡ ཡང་དེའི་རྗེས་སུ་མི་སྡེས་རྒྱལ་པོ་ཞིག་གནོང་མཛོད་ཞུས་པ་དང་། དཀོན་མཆོག་གིས་ལོ་བཞི་བཅུའི་ཕྱིར་དུ་བེན་ཡ་མིན་གྱི་རིགས་ལས་ཡིན་པའི་ཀིས་ཀྱི་བུ་ཤ་ཨུལ་རྒྱལ་པོར་གནང་ངོ་། ༢༢ དེ་ནས་ཁོ་ཕྱིར་བཏོན་པར་མཛད་ནས། དཱ་བིད་རྒྱལ་པོར་བསྐོ་བར་མཛད་དོ། ཨི་ཤཱའི་བུ་དཱ་བིད་ནི། ཁོའི་སྐོར་ལ་དཔང་པོ་མཛད་ཅིང་། ངའི་ཐུགས་སུ་འབྱོན་པའི་མི་དེ་བྱུང་བས། དེས་ངའི་དགོངས་པའང་སྒྲུབ་པར་འགྱུར་ཞེས་གསུངས་སོ། ༢༣ དཀོན་མཆོག་གིས་ཉིད་ཀྱི་ཞལ་གྱིས་བཞེས་པ་བཞིན། དེའི་གདུང་བརྒྱུད་ནས་ཨིས་ར་ཨེལ་གྱི་སྐྱབས་མགོན་དུ་ཡེ་ཤུ་མངགས་པར་མཛད་དོ། ༢༤ ཁོང་མ་བྱོན་པའི་སྔོན་དུ་ཡོ་ཧ་ནན་གྱིས་ཨིས་ར་ཨེལ་པ་ཐམས་ཅད་ལ་སེམས་སྒྱུར་བའི་ཁྲུས་གསོལ་གྱི་ཆོས་བསྟན་ཏོ། ༢༥ ཡོ་ཧ་ནན་གྱི་སྐུ་ཚེ་རྫོགས་མཚམས་ལ་འདི་སྐད་དུ། ཁྱེད་ཀྱིས་ང་སུ་ཡིན་སེམས། ང་ནི་ཁོང་མ་ཡིན་གྱི། ངའི་རྗེས་སུ་ཕེབས་པའི་སྐྱེས་བུ་དེའི་ཞབས་ལྷམ་གྱི་སྒྲོག་བུ་སྒྲོལ་བའང་ང་འོས་མ་ཡིན་གསུངས་སོ༎
༢༦ ཨབ་ར་ཧམ་གྱི་བུ་རྒྱུད་དང་དཀོན་མཆོག་ལ་འཇིགས་མཁན་གྱི་སྤུན་རྣམས། ཐར་པ་འདིའི་བཀའ་ང་ཚོར་གནང་བ་ཡིན། ༢༧ ཡེ་རུ་ཤ་ལེམ་པ་དང་དེ་ཚོའི་དཔོན་པོ་རྣམས་ཀྱིས་ནི་ཁོང་ངོའང་མ་ཤེས། ཤབ་བཱད་རེ་བཞིན་སྒྲོག་པའི་ལུང་སྟོན་པའི་གསུང་རྣམས་ཀྱང་མ་གོ་བར་ཁོང་ལ་ཁྲིམས་བཅད་དེ་ལུང་བསྟན་བསྒྲུབས་སོ། ༢༨ ཁོང་བཀྲོང་བའི་རྒྱུ་རྐྱེན་ཅིའང་མ་བརྙེད་ཀྱང་བཀྲོང་དགོས་ཞེས་པི་ལ་ཏུ་ལ་ཞུས་སོ། ༢༩ ཁོང་གི་སྐོར་ལ་མདོ་ན་བྲིས་པ་ཐམས་ཅད་བསྒྲུབས་ནས། ཤིང་ནས་ཕབས་ཏེ་སྤུར་ཁང་དུ་བཞག་གོ། ༣༠ དེ་ནས་དཀོན་མཆོག་གིས་ཁོང་གཤིན་པོ་རྣམས་ལས་བསླངས་ཏེ། ༣༡ སྔར་ཁོང་མཉམ་ག་ལིལ་ནས་ཡེ་རུ་ཤ་ལེམ་དུ་འོངས་པ། ད་ལྟ་མི་སྡེའི་མདུན་དུ་ཁོང་གི་དཔང་པོ་ཡིན་པ་ང་ཚོས་ཞག་མང་པོ་ཁོང་དང་མཇལ་ཏོ། ༣༢ ཡང་ང་ཚོས་ཁྱེད་ལ་ཕྲིན་བཟང་པོ་འདི་འཁྱེར་འོངས་སོ། ༣༣ གསུང་མགུར་གཉིས་པའི་ནང་།
ཁྱེད་ནི་ང་ཡི་སྲས་ཡིན་ཅིང་༎
དེ་རིང་ང་ལ་འཁྲུངས་པ་ཡིན༎
ཞེས་ཀྱང་གསུངས་ཤིང་དཀོན་མཆོག་གིས་ཕ་མེས་ཚོ་ལ་ཞལ་གྱིས་བཞེས་པ་དེ། ཡེ་ཤུ་སྐུ་གསོན་པོར་བསླངས་པའི་སྒོ་ནས་ང་ཚོ་བུ་རྣམས་ཀྱི་དུས་སུ་བསྒྲུབས་སོ། ༣༤ ཁོང་གཤིན་པོ་རྣམས་ཀྱི་ནང་ནས་བསླངས་པས། ད་འཇིག་པ་མི་མྱོང་བའི་སྐོར་འདི་སྐད་དུ།
ང་ཡི་བྱིན་བརླབས་བདེན་པ་དམ་པ་འདི༎
དཱ་བིད་ལ་བཞིན་ཁྱེད་ལའང་སྦྱིན་པར་བྱ༎
ཞེས་དང་། ༣༥ གཞན་ཞིག་ཏུ། དམ་པའི་སྐྱེས་བུ་རུལ་བར་ཡང་མི་གནང་། ཞེས་གསུངས་སོ། ༣༦ དཱ་བིད་ཀྱིས་རང་གི་དུས་སུ་དཀོན་མཆོག་གི་བཀའི་འབངས་མཛད་ཅིང་སྐུ་ཚེ་འདས་ནས་ཕ་མེས་དང་མཉམ་དུ་བཞག་ནས་རུལ་བ་ཡིན་གྱིས། ༣༧ དཀོན་མཆོག་གིས་བསླངས་པ་འདི་ནི་རུལ་བར་མ་གྱུར་ཏོ། ༣༨ དེའི་ཕྱིར་ཁྱེད་སྤུན་ཚོས་འདི་གོ་བར་གྱིས་ཤིག སྐྱེས་བུ་འདིའི་སྒོ་ནས་ཁྱེད་ལ་སྡིག་སེལ་གྱི་ཆོས་འཆད་པ་མ་ཟད། ༣༩ མོ་ཤེའི་བཀའ་ཁྲིམས་ཀྱི་སྒོ་ནས་ཐར་བར་མི་འགྱུར་གྱིས། ཁོང་གི་སྒོ་ནས་དད་པ་བྱེད་ཚད་ཐར་བར་འགྱུར་རོ༎
༤༠ དེའི་ཕྱིར་ལུང་སྟོན་པའི་མདོ་ན།
༤༡ འཕྱ་མཁན་ངོ་མཚར་འགྱུར་ཞིང་སྟོངས་པར་ཤོག།
ང་ཡིས་ཁྱེད་ཀྱི་དུས་སུ་ལས་ཤིག་བྱེད༎
ཁྱོད་ལ་འཆད་ན་ནམ་ཡང་ཡིད་མི་ཆེས༎
ཞེས་གསུངས་པ་དེ་ཁྱེད་ཚོར་མི་འཕོག་པའི་ཕྱིར་ཟོན་བྱོས་ཤིག ཅེས་པའུ་ལུས་གསུངས་སོ། ༤༢ ཁོང་ཕྱི་རོལ་དུ་ཕེབས་པ་ལས། མི་ཚོགས་རྣམས་ཀྱིས་ཤབ་བཱད་རྗེས་མ་ལའང་ཆོས་འདི་ང་ཚོར་བཤད་དུ་གསོལ་ཞེས་ཞུས་སོ། ༤༣ ཚོགས་དེ་གྲོལ་ནས་ཡ་ཧུ་དཱ་པ་དང་། དེའི་སློབ་གསར་ཆོས་སེམས་ཅན་མང་པོ་པའུ་ལུ་དང་བར་ན་བཱའི་རྗེས་སུ་འབྲངས་པ་ལས། དེ་གཉིས་ཀྱིས་ཆོས་གླེང་ཞིང་དཀོན་མཆོག་གི་ཐུགས་རྗེའི་ནང་གནས་པའི་ཕྱིར་བསྐུལ་ཏོ༎
༤༤ ཤབ་བཱད་རྗེས་མར་ཧ་ལམ་གྲོང་ཁྱེར་གྱི་མི་ཐམས་ཅད་དཀོན་མཆོག་གི་བཀའ་ཉན་པའི་ཕྱིར་འདུས་སོ། ༤༥ ཡ་ཧུ་དཱ་པ་ཚོས་མི་ཚོགས་དེ་མཐོང་ནས་ཕྲག་དོག་གིས་གང་ནས། པའུ་ལུས་གསུངས་པ་ལ་རྒོལ་ཞིང་སྨད་དོ། ༤༦ དེ་ནས་པའུ་ལུ་དང་བར་ན་བཱས་སྙིང་སྟོབས་ཆེན་པོས་དེ་ཚོར་གསུངས་པ། དཀོན་མཆོག་གི་བཀའ་དང་པོར་ཁྱེད་ལ་སྒྲོག་དགོས་ཀྱང་། ཁྱེད་ཀྱིས་དེར་ཞེན་ལོག་ཅིང་ཚེ་མཐའ་མེད་པ་ཐོབ་མི་འོས་པར་སྟོན་པས། ང་ཚོ་ཕྱི་པར་ཕྱོགས་སོ། ༤༧ གཙོ་བོས་ང་ཚོར་འདི་སྐད་དུ།
ས་མཐའི་བར་དུ་ཐར་པ་གཏོང་བའི་ཕྱིར༎
ཕྱི་པའི་ཁྲོད་དུ་ངས་ཁྱོད་འོད་དུ་བསྐོས༎
ཞེས་གསུངས་སོ། ༤༨ གསུང་དེ་ཐོས་ནས་ཕྱི་པ་རྣམས་དགའ་བར་གྱུར་ཏེ། དཀོན་མཆོག་ལ་བསྟོད་བསྔགས་སོ། ཚེ་མཐའ་མེད་པ་ཐོབ་པར་བསྐོས་ཚད་དད་པར་འགྱུར་ཏེ། ༤༩ གཙོ་བོའི་བཀའ་ཡུལ་ལྗོངས་དེར་དར་བར་གྱུར་ཏོ། ༥༠ འོན་ཀྱང་ཡ་ཧུ་དཱ་པ་ཚོས་གྲོང་ཁྱེར་གྱི་བཙུན་མོ་ཆོས་པ་དང་། འགོ་བྱེད་རྣམས་ལ་བསྐུལ་ནས་པའུ་ལུ་དང་བར་ན་བཱ་ལ་འཚེ་བའི་ཕྱིར་དཀྲུགས་ནས། ལྗོངས་དེ་ནས་ཕྱིར་བཏོན་ཏོ། ༥༡ ཁོང་གཉིས་ཀྱིས་དེ་ཚོར་ཞབས་ཀྱི་རྡུལ་སྤྲུགས་ནས་ཨི་ཀོན་དུ་ཕེབས་པ་དང་། ༥༢ དེར་ཡོད་པའི་ཉེ་གནས་རྣམས་ལ་དགའ་སྤྲོ་དང་ཐུགས་ཉིད་ཀྱིས་ཁྱབ་པར་གྱུར་ཏོ༎