༡༤
ཨི་ཀོན་དུའང་ཡ་ཧུ་དཱ་པའི་འདུ་ཁང་ནང་ལྷན་ཅིག་ཏུ་ཕེབས་ཏེ། ཆོས་བསྟན་པས་ཡ་ཧུ་དཱ་པ་དང་ཧེལ་ལེན་པའི་མི་ཚོགས་ཆེན་པོ་ཞིག་དད་པར་གྱུར་ཏོ།  འོན་ཀྱང་ཡ་ཧུ་དཱ་པ་རྒྱུད་མ་ཐུལ་བ་རྣམས་ཀྱིས་ཕྱི་པ་རྣམས་ལ་དཀྲུག་སྟེ། སྤུན་ཚོའི་སྐོར་ཕྲ་མ་ངན་པ་བཅུག་གོ།  དེར་ཡུན་རིང་བཞུགས་ནས་སྙིང་སྟོབས་ཆེན་པོས་གཙོ་བོའི་ཆོས་བསྟན་ཏོ། གཙོ་བོས་དེ་དག་ལ་ལྟས་དང་ངོ་མཚར་སྟོན་པར་གནང་ཞིང་། ཉིད་ཀྱི་ཐུགས་རྗེའི་བཀའ་ལ་དཔང་པོ་མཛད་དོ།  གྲོང་ཁྱེར་གྱི་མི་ཚོའི་ནང་མི་མཐུན་པ་བྱུང་ནས། ལ་ལས་ཡ་ཧུ་དཱ་པའི་ཕྱོགས་བྱས། ལ་ལས་སྐུ་ཚབ་རྣམས་ཀྱི་ཕྱོགས་བྱས་སོ།  ཕྱི་པ་དང་ཡ་ཧུ་དཱ་པས་ཁོང་ཚོའི་དཔོན་པོ་དང་བཅས་པས་དེ་གཉིས་ལ་འཚེ་བ་དང་རྡོ་རུབ་གཏོང་བར་བརྩམས་པ་ལས།  དེ་ཤེས་ནས། ལི་ཀ་ཨོན་གྱི་གྲོང་ཁྱེར་ལིས་ཏྲ་དང་དེར་བེ་དང་། དེའི་ཡུལ་འཁོར་དུ་བྲོས་ཏེ།  དེ་རུ་ཕྲིན་བཟང་བཤད་དོ༎
 ལིས་ཏྲ་ན། སྐྱེ་དུས་ནས་ཞ་བོ་ཡིན་ཅིང་རྐང་པ་སར་ནམ་ཡང་མི་འགྲུལ་བའི་མི་ཞིག་ས་ལ་བསྡད་ཡོད་དེ།  ཁོས་པའུ་ལུའི་ཆོས་བཤད་ལ་ཉན་པ་ལས། པའུ་ལུས་དེ་ལ་སྤྱན་ཕུར་ཚུགས་སུ་གཟིགས་ནས། དེ་ལ་གསོ་རུང་བའི་དད་པ་ཡོད་པར་མཁྱེན་ནས། ༡༠ གསུང་སྐད་ཆེན་པོས། རྐང་པ་གཙུག་ནས་ཀྲོང་ངེར་ལོངས་ཤིག་གསུངས་པ་དང་། དེས་མཆོང་ཞིང་འགྲུལ་ཏོ། ༡༡ མི་ཚོགས་ཀྱིས་པའུ་ལུས་མཛད་པ་འདི་མཐོང་ནས་སྐད་ཆེན་པོས་ལི་ཀ་ཨོན་གྱི་སྐད་དུ། ལྷ་རྣམས་མིར་སྤྲུལ་ནས་ང་ཚོའི་རྩར་བབས་པ་ཡིན་ཞེས་སྨྲས་སོ། ༡༢ བར་ན་བཱ་ལ་ཡུ་པི་ཏེར་རམ་ལྷའི་དབང་པོ་དང་། པའུ་ལུ་ངག་དབང་ཅན་ཡིན་པས་ཁོང་ལ་མེར་ཀུ་རིའམ་ངག་གི་ལྷ་ཞེས་བཏགས་སོ། ༡༣ གྲོང་ཁྱེར་གྱི་མདུན་དུ་ཡོད་པའི་ཡུ་པི་ཏེར་གྱི་ལྷ་ཁང་གི་དཀོན་གཉེར་གྱིས་གྲོང་ཁྱེར་དེའི་རྟ་སྒོར་མེ་ཏོག་གི་ཕྲེང་བས་བརྒྱན་པའི་གླང་དག་ཁྲིད་ནས། མི་ཚོགས་དང་བཅས་པས་དམར་མཆོད་འབུལ་བར་བརྩམས་པ་ལས། ༡༤ སྐུ་ཚབ་བར་ན་བཱ་དང་པའུ་ལུས་དེ་གསན་ནས། ན་བཟའ་ཧྲལ་ཞིང་། མི་ཚོགས་ཀྱི་དཀྱིལ་དུ་རྒྱུགས་ཏེ་སྐད་ཆེན་པོས། ༡༥ སྐྱེ་བོ་རྣམས་འདི་ཅི་བྱེད། ང་ཚོའང་ཁྱེད་དང་འདྲ་བའི་མིའི་རང་བཞིན་དང་ལྡན་ཏེ། ཁྱེད་ཚོས་སྙིང་པོ་མེད་པའི་བྱ་བ་འདི་རྣམས་སྤངས་ནས། ནམ་མཁའ་དང་ས་དང་རྒྱ་མཚོ་དང་དེའི་ནང་ཡོད་པ་ཐམས་ཅད་མཛད་པའི་སྐུ་གསོན་པོར་བཞུགས་པའི་དཀོན་མཆོག་གི་ཕྱོགས་སུ་སེམས་སྒྱུར་བའི་ཕྱིར་ཕྲིན་བཟང་པོ་དེ་ཁྱེར་འོངས་སོ། ༡༦ འདས་པའི་དུས་ཀྱི་མི་བརྒྱུད་རྣམས་རང་རང་གི་ལམ་དུ་འགྲོར་གནང་ནའང་། ༡༧ ཁོང་གིས་བཀའ་དྲིན་མཛད་ཅིང་གནམ་ནས་ཆར་པ་དང་ལོ་ལེགས་པ་གནང་སྟེ། ཁ་ཟས་དང་དགའ་སྤྲོས་ཁྱེད་ཀྱི་སྙིང་ཁེངས་པར་མཛད་པའི་ངང་ནས་ཉིད་མངོན་པར་མཛད་དོ། ཅེས་གསུངས་ཤིང་། ༡༨ མི་ཚོགས་ཀྱིས་དམར་མཆོད་འབུལ་བ་བཀག་པར་དཀའ་ལས་བྱུང་ངོ་། ༡༩ ཨན་ཏི་ཡོག་དང་ཨི་ཀོན་ནས་ཡ་ཧུ་དཱ་པ་འགའ་རེ་འོངས་ནས། མི་ཚོགས་ལ་ནན་གྱིས་བསྐུལ་ནས་པའུ་ལུ་རྡོ་རུབ་ལ་བཏངས་ཏེ། གྲོངས་པ་ཡིན་བསྙམས་ནས་གྲོང་ཁྱེར་གྱི་ཕྱི་རོལ་དུ་དྲུད་ནས་ཁྱེར་ཏོ། ༢༠ ཉེ་གནས་རྣམས་ཁོང་ལ་བསྐོར་བ་དང་། པའུ་ལུ་བཞེངས་ནས་གྲོང་ཁྱེར་དུ་ཕེབས་ཏེ། དེའི་སང་ཉིན་བར་ན་བཱ་དང་མཉམ་དུ་དེར་བེ་རུ་ཕེབས་སོ། ༢༡ གྲོང་ཁྱེར་དེར་ཕྲིན་བཟང་བཤད་དེ། མི་མང་པོ་ཉེ་གནས་སུ་བཅུག་ནས། ལིས་ཏྲ་དང་། ཨི་ཀོན་དང་། ཨན་ཏི་ཡོག་ཏུ་ལོག་ཕེབས་ཏེ། ༢༢ ཉེ་གནས་རྣམས་ཀྱི་སེམས་བརྟན་པར་མཛད་ཅིང་། དད་པ་ལ་གནས་པར་བསྐུལ་ཞིང་། ང་ཚོ་སྡུག་བསྔལ་མང་པོ་མྱོང་ཞིང་དཀོན་མཆོག་གི་རྒྱལ་སྲིད་དུ་འཇུག་པར་བྱ་དགོས་ཞེས་གསུངས་སོ། ༢༣ ཆོས་ཚོགས་རེ་ལ་རྒན་མི་བསྐོས་ནས། སྨྱུང་བར་གནས་ཤིང་སྨོན་ལམ་བཏབ་སྟེ། ཁོང་ཚོས་དད་པའི་གཙོ་བོ་ལ་བཅོལ་ཏོ། ༢༤ དེ་ནས་པི་སིད་ཡུལ་ནས་ཕམ་ཕིལ་ཡཱ་ཡུལ་དུ་ཕྱིན་ཏེ། ༢༥ གྲོང་ཁྱེར་པེར་གེ་རུ་བཀའ་བསྒྲགས་ནས། ཨ་ཏལ་ཡཱ་རུ་ཕེབས་སོ། ༢༦ དེ་ནས་ཁོང་གིས་བསྒྲུབས་པའི་ལས་དེའི་ཕྱིར་དཀོན་མཆོག་གི་ཐུགས་རྗེ་ལ་བཏད་པའི་གནས་ཨན་ཏི་ཡོག་ཏུ་ཆུ་ཐོག་ཏུ་ཕྱིར་ལོག་ཕེབས་སོ། ༢༧ དེར་ཕེབས་ནས་ཆོས་ཚོགས་བསྡུས་ནས་དཀོན་མཆོག་གིས་དེ་དག་གི་ཕྱིར་མཛད་པ་ཐམས་ཅད་དང་། ཇི་ལྟར་ཕྱི་པ་ལ་དད་པའི་སྒོ་ཕྱེས་པར་མཛད་པ་བཤད་དོ། ༢༨ ཡང་ཉེ་གནས་རྣམས་དང་མཉམ་ཁོང་ཡུན་རིང་པོ་ཞིག་བཞུགས་སོ༎