༡༥
ཡ་ཧུ་དཱ་ནས་ཁ་ཤས་འོངས་ཤིང་། མོ་ཤེའི་བཀའ་ཁྲིམས་བཞིན་མདུན་ལྤགས་མི་གཅོད་ན་ཐར་བར་མི་སྲིད་ཟེར་ཞིང་སྤུན་རྣམས་ལ་ཆོས་བསྟན་ནས། ༢ པའུ་ལུ་དང་བར་ན་བཱ་གཉིས་དང་དེ་ཚོའི་བར་ལ་མི་མཐུན་པ་དང་རྩོད་པ་མང་པོ་བྱུང་བས། སྤུན་ཚོས་པའུ་ལུ་དང་བར་ན་བཱ་དང་། ཕྱོགས་གཞན་གྱི་ནང་ནས་ཁ་ཤས་རྩོད་པ་དེའི་སྐོར་ལ་ཡེ་རུ་ཤ་ལེམ་དུ་སྐུ་ཚབ་དང་རྒན་མིའི་དྲུང་དུ་འགྲོ་བར་བསྐོས་སོ། ༣ དེ་ལྟར་ཆོས་ཚོགས་ཀྱིས་བཏང་ནས། དེ་ཚོ་ཕེ་ནི་ཀེ་དང་ས་མར་ཡཱར་རྒྱུ་ཞིང་། ཕྱི་པའང་ཆོས་སུ་ཞུགས་པའི་གནས་ཚུལ་བཤད་ཏེ། སྤུན་རྣམས་རབ་ཏུ་དགའ་བར་བྱས་སོ། ༤ ཁོང་ཡེ་རུ་ཤ་ལེམ་དུ་ཕེབས་པ་དང་། ཆོས་ཚོགས་དང་སྐུ་ཚབ་དང་རྒན་མི་རྣམས་ཀྱིས་ཁོང་བསུས་པས། དཀོན་མཆོག་གིས་ཁོང་གི་ངང་ན་ཅི་དང་ཅི་མཛད་པ་ཐམས་ཅད་བཤད་དོ། ༥ ཕ་རུ་ཤི་པའི་ནང་ནས་དད་པར་གྱུར་པ་ཁ་ཅིག་ལངས་ནས། ཕྱི་པ་རྣམས་ལ་མདུན་ལྤགས་གཅོད་ཅིང་མོ་ཤེའི་བཀའ་ཁྲིམས་སྲུང་བར་སྐུལ་བར་རིགས་སོ་ཞེས་སྨྲས་སོ༎༦ སྐུ་ཚབ་དང་རྒན་མི་རྣམས་དེའི་སྐོར་ལ་བསམ་བློ་བཏང་ཕྱིར་འཛོམས་ཏེ། ༧ རྩོད་གླེང་མང་པོ་བྱུང་ནས་པེ་ཏྲོ་བཞེངས་ཏེ་འདི་སྐད་དུ། སྤུན་རྣམས། སྔར་དཀོན་མཆོག་གིས་ཁྱེད་ཀྱི་ནང་ནས་འདམ་ཀ་མཛད་དེ། ཕྱི་པ་རྣམས་ལ་ངའི་ཁ་ནས་ཕྲིན་བཟང་ཐོས་པ་དང་དད་པ་བྱེད་པ་ཁྱེད་ཀྱིས་མཁྱེན་ནོ། ༨ མིའི་སྙིང་མཁྱེན་པའི་དཀོན་མཆོག་གིས། ང་ཚོ་དང་འདྲ་བར་དེ་ཚོར་ཡང་དམ་པའི་ཐུགས་ཉིད་གནང་ནས་དེ་ཚོ་འོས་པ་ཡིན་པའི་དཔང་པོ་མཛད་དོ། ༩ དེ་ཚོའི་དད་པའི་རྐྱེན་གྱིས་སྙིང་དག་པར་མཛད་དེ། ང་ཚོ་དང་ཁོང་ཚོའི་བར་ལ་ཁྱད་པར་ཅིའང་མ་མཛད་དོ། ༡༠ ད་ང་ཚོ་རང་དང་ང་ཚོའི་ཕ་མེས་ཀྱིས་ཀྱང་འཁུར་མ་བཏུབ་པའི་གཉའ་ཤིང་དེ་ཉེ་གནས་ཀྱི་གཉའ་བར་བཀལ་ནས་དཀོན་མཆོག་གི་ཐུགས་ཅི་ལ་སད། ༡༡ དེ་ཚོ་གཙོ་བོ་ཡེ་ཤུའི་ཐུགས་རྗེའི་སྒོ་ནས་ཐར་བར་འགྱུར་བ་ལྟར་ང་ཚོའང་ཐར་བར་ཡིད་ཆེས་སོ་ཞེས་གསུངས་པ་དང་། ༡༢ མི་ཚོགས་ཁ་རོག་བསྡད་ཅིང་། བར་ན་བཱ་དང་པའུ་ལུས་དཀོན་མཆོག་གིས་ཕྱི་པའི་དཀྱིལ་དུ་ཁོང་གི་སྒོ་ནས་མཛད་པའི་ལྟས་དང་ངོ་མཚར་ཆེ་བའི་ཕྲིན་ལས་བཤད་པ་ལ་ཉན་ཏོ། ༡༣ དེ་གཉིས་ཀྱིས་བཤད་ཟིན་པ་དང་། ཡ་ཀོབ་ཀྱིས་འདི་སྐད་དུ། སྤུན་རྣམས་ང་ལ་གསོན་ཞིག ༡༤ དཀོན་མཆོག་གིས་ཉིད་ཀྱི་ཕྱིར་ཕྱི་པའི་ནང་ནས་མི་སྡེ་ཞིག་བཞེས་ཕྱིར་དང་པོ་དེ་རྣམས་ལ་ཐུགས་རྗེས་ཇི་ལྟར་གཟིགས་པ་ཤི་མོན་གྱིས་བཤད་དོ། ༡༥ ལུང་སྟོན་པ་རྣམས་ཀྱི་གསུང་ཡང་འདི་དང་མཐུན་ཏེ་འདི་སྐད་དུ།
༡༦ དེ་ཡང་རྗེས་སུ་ང་ཉིད་ཕྱིར་བྱོན་ཏེ༎
དཱ་བིད་གུར་བརྡིབས་ཡོད་པ་བཞེང་བར་བྱ༎
༡༧ དེ་ཡི་བཞིག་རལ་གསོ་ཞིང་ཕུབ་པར་བྱ༎
ང་མིང་ཐོགས་པའི་ཕྱི་པ་ཐམས་ཅད་དང་༎
ལྷག་མ་རྣམས་ཀྱིས་གཙོ་བོ་འཚོལ་ཕྱིར་རོ༎
༡༨ གདོད་ནས་མངོན་པར་མཛད་པའི་གཙོ་བོས་གསུངས༎
ཞེས་བྲིས་ཡོད་དོ། ༡༩ དེའི་ཕྱིར་དཀོན་མཆོག་གི་ཕྱོགས་སུ་སེམས་བསྒྱུར་པའི་ཕྱི་པ་རྣམས་ལ་ང་ཚོས་དཀའ་ལས་མི་གཏོང་བར། ༢༠ སྐུ་འདྲ་དང་འབྲེལ་བའི་མི་གཙང་བ་དང་། ལོག་གཡེམ་དང་། ཁྲག་དང་། དབུགས་བསུབས་པའི་ཤ་ལ་འཛེམ་དགོས་ཞེས་ཡི་གེ་གནང་བ་ངས་ཐག་བཅད་དོ། ༢༡ དེ་ནི་སྔ་མ་ནས་གྲོང་ཁྱེར་རེ་རེའི་ནང་ཤབ་བཱད་རེ་བཞིན་འདུ་ཁང་ནང་མོ་ཤེའི་མདོ་སྒྲོག་ཅིང་འཆད་མཁན་ཡོད་པའི་རྐྱེན་གྱིས་སོ་ཞེས་གསུངས་སོ༎
༢༢ སྐུ་ཚབ་དང་རྒན་མི་དང་ཆོས་ཚོགས་དང་བཅས་པས་དེ་རྣམས་ཀྱི་ནང་ནས་ཁ་ཤས་འདམས་ཏེ་པའུ་ལུ་དང་བར་ན་བཱ་མཉམ་དུ་ཨན་ཏི་ཡོག་ཏུ་གཏོང་བར་རིགས་སོ་དགོངས་ནས། སྤུན་གྱི་ནང་ན་གཙོ་ཆེ་ཡིན་པའི་བར་ས་བཱ་བྱ་བའི་ཡུ་དཱ་དང་སི་ལཱ་གཉིས་ལ་གཤམ་གསལ་གྱི་ཡི་གེ་བཅས་བཏང་ངོ་། ༢༣ ཨན་ཏི་ཡོག་དང་། སི་རི་ཡཱ་དང་། ཀི་ལིག་ཏུ་གནས་པའི་ལྷ་ཆོས་པ་ནས་ཡིན་པའི་སྤུན་རྣམས་ལ། སྐུ་ཚབ་དང་རྒན་མིས་ཕྱག་ཕུལ་ལོ། ༢༤ ང་ཚོའི་བསླབ་བྱ་མེད་པར་ང་ཚོ་ནས་ཁ་ཅིག་གིས། ཐེ་ཚོམ་སྐྱེད་པའི་ཚིག་སྨྲས་ནས། ཁྱེད་ཀྱི་སེམས་དཀྲུག་པའི་གཏམ་ཐོས་པས། ༢༥-༢༦ ཚོགས་འདུས་ཀྱིས་མི་རེ་འདམས་ནས། ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཕྱིར་རང་གི་སྲོག་གཏོང་བའི་ང་ཚོའི་གཅེས་པའི་བར་ན་བཱ་དང་པའུ་ལུ་མཉམ་དུ་ཁྱེད་ཀྱི་རྩར་གཏོང་བར་རིགས་སོ་ཞེས་དགོངས་སོ། ༢༧ དེའི་ཕྱིར་ཡུ་དཱ་དང་སི་ལཱ་གཉིས་གཏང་སྟེ། དེ་གཉིས་ཀྱིས་ངག་གི་སྒོ་ནས་ཀྱང་འདི་བཞིན་འཆད་འོང་། ༢༨ དམ་པའི་ཐུགས་ཉིད་དང་ང་ཚོས་གལ་ཆེ་བ་འདི་ཚོ་ལས་ལྷག་པ་ཁྱེད་ལ་ཁུར་འགེལ་བར་མི་རིགས་པར་དགོངས་ཤིང་། ༢༩ ཁྲག་དང་། དབུགས་བསུབས་པའི་ཤ་དང་། སྐུ་འདྲ་ལ་ཕུལ་བའི་ཤ་རྫས་དང་། ལོག་གཡེམ་སྤོངས་ཤིག དེ་ཚོར་འཛེམ་ན་ལེགས་པར་བྱེད་དོ། བདེ་བར་གྱུར་ཅིག
༣༠ དེ་ཚོ་བཏང་ནས་ཨན་ཏི་ཡོག་ཏུ་བསླེབས་ཤིང་། ཆོས་ཚོགས་བསྡུས་ཏེ་ཡི་གེ་དེ་བཏད་དོ། ༣༡ དེ་བཀླགས་པས་དེ་ཚོ་གདམས་ངག་དེ་ལ་དགའ་བར་གྱུར་ཏོ། ༣༢ ཡུ་དཱ་དང་སི་ལཱ་ནི་ཆོས་འཆད་མཁན་ཡང་ཡིན་པས། སྤུན་རྣམས་ལ་གདམས་ངག་མང་པོ་སྟོན་ཞིང་བརྟན་པར་བྱས་སོ། ༣༣ དེ་གཉིས་རེ་ཞིག་དེར་བཞུགས་མཐར། ཁོང་བཏང་བ་ཚོའི་དྲུང་དུ་སྤུན་ཚོས་ཞི་བདེ་བར་ཕྱིར་ལོག་བཏང་ངོ་། ༣༤ ༼གནའ་བོའི་བཤུས་ཡིག་ལ་ལར་ཚིག་བཅད་འདི་མེད་པ་ཡིན།༽ ༣༥ པའུ་ལུ་དང་བར་ན་བཱ་་ཨན་ཏི་ཡོག་ཏུ་བཞུགས་ནས། གཞན་མང་པོ་དང་བཅས་པས་གཙོ་བོའི་བཀའ་སྒྲོག་ཅིང་བཤད་དོ༎
༣༦ ཞག་ཁ་ཅིག་སོང་བ་དང་པའུ་ལུས་བར་ན་བཱ་ལ། གཙོ་བོའི་བཀའ་བཤད་པའི་གྲོང་ཁྱེར་ཀུན་ཏུ་སོང་ནས། སྤུན་རྣམས་ཇི་ལྟར་ཡོད་པ་བལྟའོ་གསུངས་པ་དང་། ༣༧ བར་ན་བཱས་མར་ཀུ་བྱ་བའི་ཡོ་ཧ་ནན་མཉམ་དུ་འཁྲིད་པར་དགོངས་ཀྱང་། ༣༨ པའུ་ལུས་ཁོ་ཕམ་ཕིལ་ཡཱ་རུ་བརྒྱབ་ལོག་ཅིང་ཁོང་མཉམ་ལས་བྱེད་དུ་མ་སོང་བས་ཁོ་འཁྲིད་པར་མི་རིགས་སོ་དགོངས་ཏེ། ༣༩ ཁོང་གཉིས་ནང་མི་མཐུན་པས་རྩོད་གླེང་དྲག་པོ་བྱུང་ནས་སོ་སོར་གྱེས་ཤིང་། བར་ན་བཱས་མར་ཀུ་འཁྲིད་དེ་སིབ་རུས་ལ་ཆུ་ཐོག་ཏུ་ཕེབས། ༤༠ པའུ་ལུས་སི་ལཱ་འདམས་སོ། སྤུན་ཚོས་འདི་གཉིས་གཙོ་བོའི་ཐུགས་རྗེ་ལ་བཅོལ་ཞིང་ཐེགས་ཏེ། ༤༡ སི་རི་ཡཱ་དང་ཀི་ལིག་རྒྱུད་དེ་ཆོས་ཚོགས་བརྟན་པོ་བྱེད་ཅིང་ཕེབས་སོ༎