༡༦
པའུ་ལུ་་དེར་བེ་དང་ལིས་ཏྲ་རུའང་ཕེབས་ནས། དེར་ཏི་མོ་ཐེའུ་བྱ་བའི་ཉེ་གནས་ཤིག་ཡོད་དེ། དེའི་མ་ནི་གཙོ་བོ་ལ་དད་པའི་ཡ་ཧུ་དཱ་མ་ཡིན་ཀྱང་ཕ་ནི་ཧེལ་ལེན་པའོ།  དེ་ལ་ལིས་ཏྲ་དང་ཨི་ཀོན་གྱི་སྤུན་ཚོས་བསྟོད་པ་ཡོད་དོ།  པའུ་ལུས་དེ་འཁྲིད་པར་དགོངས་ནས། ཡུལ་འཁོར་དེའི་ཡ་ཧུ་དཱ་པ་ཚོས་དེའི་ཕ་ཧེལ་ལེན་པ་ཡིན་པར་ཤེས་པའི་རྐྱེན་གྱིས་ཁོའི་མདུན་ལྤགས་བཅད་དོ།  གྲོང་ཁྱེར་རྣམས་རྒྱུད་དེ་ཕེབས་པའི་ཚེ། ཡེ་རུ་ཤ་ལེམ་གྱི་སྐུ་ཚབ་དང་རྒན་མིས་ཐག་བཅད་པའི་སྲུང་བྱའི་བཀའ་ཤོག་རྣམས་བཏད་དོ།  དེ་ལྟར་ཆོས་ཚོགས་རྣམས་དད་པ་བརྟན་ཞིང་ཉིན་རེ་བཞིན་གྲངས་འཕེལ་བར་གྱུར་ཏོ༎
 དམ་པའི་ཐུགས་ཉིད་ཀྱིས་ཨ་སི་ཨར་བཀའ་སྒྲོག་པར་བཀག་པས། ཁོང་ཕ་རིག་ཡཱ་དང་ག་ལད་ཡཱ་རྒྱུད་དེ་ཕེབས་ནས།  མི་སི་ཡཱའི་ཐད་ཀ་ནས་བི་ཐིན་ཡཱ་རུ་ཕེབས་པར་བརྩོན་ཀྱང་། ཡེ་ཤུའི་ཐུགས་ཉིད་ཀྱིས་དེ་ལྟར་མ་གནང་ངོ་།  དེ་ནས་མི་སི་ཡཱ་བཞག་ནས་ཏྲོ་ཡཱ་རུ་ཕེབས་སོ།  དེར་མཚན་མོ་པའུ་ལུའི་རྨི་ལམ་ནང་། མ་ཀེ་དོན་པ་ཞིག་ལངས་ནས། མ་ཀེ་དོན་དུ་ཕེབས་ཏེ་ང་ཚོར་རོགས་མཛོད་ཅིག་ཅེས་ཞུ་བར་སྣང་ངོ་། ༡༠ མནལ་ལམ་དེ་གཟིགས་ནས། དཀོན་མཆོག་གིས་ང་ཚོ་མ་ཀེ་དོན་དུ་ཕྲིན་བཟང་སྒྲོག་ཏུ་བོས་པར་མཁྱེན་ནས་དེ་མ་ཐག་ཏུ་དེར་ཕེབས་པར་བརྩམས་སོ༎
༡༡ དེའི་ཕྱིར་ང་ཚོ་ཏྲོ་ཡཱ་ནས་ཆུ་ཐོག་ཏུ་ས་མོ་ཐ་རཱ་ཀེར་ཤར་རེར་སོང་བ་དང་། དེའི་ཕྱི་ཉིན་ནེ་ཨ་པོ་ལི་དང་། ༡༢ དེ་ནས་རོ་མཱ་པ་ཚོ་གནས་པའི་མ་ཀེ་དོན་ལྗོངས་ཀྱི་རྒྱལ་ས་ཕི་ལིབ་པི་རུ་བསླེབས་ནས། གྲོང་ཁྱེར་དེར་རེ་ཞིག་བསྡད་དོ། ༡༣ ཤབ་བཱད་ཀྱི་ཞག་ལ་གྲོང་ཁྱེར་གྱི་རྟ་སྒོའི་ཕྱི་རོལ་གྱི་གཙང་འགྲམ་ལ་སྨོན་ལམ་འདེབས་པའི་གནས་ཤིག་ཡོད་པར་བསམས་ཏེ་དེར་སོང་ནས། དེར་འཛོམས་པའི་བུད་མེད་རྣམས་དང་ཆོས་གླེང་ངོ་། ༡༤ ཐི་ཨ་ཏི་རཱ་མ་ལིད་ཡཱ་བྱ་བ་འགོ་སྣམ་ཚོང་མཁན་དཀོན་མཆོག་ལ་བསྙེན་བཀུར་བྱེད་པ་ཞིག་གིས་ང་ཚོའི་གཏམ་ཉན་ཏོ། པའུ་ལུའི་གསུང་ལ་ཉན་ཕྱིར་གཙོ་བོས་དེའི་སྙིང་ཕྱེས་ནས། ༡༥ མོ་དང་མོའི་ཁྱིམ་ཚང་ལ་ཁྲུས་གསོལ་ཐོབ་པ་དང་། མོས་ང་གཙོ་བོ་ལ་དད་པར་གྱུར་པ་ལ་དགོངས་ནས་ངའི་ཁྱིམ་དུ་ཕེབས་ཏེ་བཞུགས་སུ་གསོལ་ཞེས་ཞུ་ཞིང་ཨུ་ཚུགས་བྱས་བྱུང་།
༡༦ སྨོན་ལམ་འདེབས་པའི་གནས་སུ་འགྲོ་བའི་ཚེ། མངོན་ཤེས་ཀྱི་སེམས་ཉིད་ཞུགས་པའི་གཡོག་མོ་ཞིག་གི་མངོན་ཤེས་ཀྱི་སྒོ་ནས་བདག་པོ་ལ་ནོར་མང་པོ་ཁྱེར་འོང་བ་ཞིག་དང་ཕྲད་དེ། ༡༧ པའུ་ལུ་དང་ང་ཚོའི་ཕྱི་བཞིན་འབྲངས་ནས་སྐད་ཆེན་པོས། འདི་རྣམས་བླ་ན་མེད་པའི་དཀོན་མཆོག་གི་ཞབས་ཕྱི་ཡིན་ཏེ། ཁྱེད་ཚོར་ཐར་པའི་ལམ་སྟོན་ནོ་ཞེས་མོས་སྨྲས་སོ། ༡༨ མོས་ཞག་མང་པོར་དེ་བཞིན་བྱས་པས། པའུ་ལུ་ཚིག་པ་ཟ་ནས་ཞལ་བསྒྱུར་ཏེ་སེམས་ཉིད་དེ་ལ། ཡེ་ཤུ་མཱ་ཤི་ཀའི་མཚན་བརྗོད་ཅིང་ངས་ཁྱོད་ལ་མོའི་ནང་ནས་ཐོན་ཅིག་ཅེས་བསྒོའོ་གསུངས་མ་ཐག་ཏུ་ཕྱིར་ཐོན་ཏོ། ༡༩ མོའི་བདག་པོ་རྣམས་ཀྱིས་ནོར་ཐོབ་པའི་རེ་བ་མེད་པར་སོང་བ་མཐོང་ནས། པའུ་ལུ་དང་སི་ལཱ་བཟུང་སྟེ་ཁྲོམ་ནང་དྲུད་ཅིང་དཔོན་པོའི་དྲུང་དུ་ཁྲིད་དོ། ༢༠ ཁྲིམས་དཔོན་ཚོའི་དྲུང་དུ་ཁྱེར་ཏེ་འདི་སྐད་དུ། ཡ་ཧུ་དཱ་པ་འདི་གཉིས་ཀྱིས་ང་ཚོའི་གྲོང་ཁྱེར་དཀྲུགས་ཤིང་། ༢༡ ང་ཚོ་རོ་མཱ་པ་ཚོས་འཛིན་པའམ་སྲུང་བར་མི་རུང་བའི་ཁྲིམས་དེ་ཚོས་བཤད་དོ་ཞེས་སྨྲས་སོ། ༢༢ མི་ཚོགས་ཀྱང་དེ་ཚོ་དང་མཉམ་དུ་དེ་གཉིས་ལ་དགྲར་ལངས་པ་དང་། ཁྲིམས་དཔོན་ཚོས་དེ་གཉིས་ཀྱི་གོས་ཧྲལ་ནས་དབྱུག་པས་བརྡུང་ཕྱིར་བསྒོས་སོ། ༢༣ ཁོང་གཉིས་དབྱུག་པས་མང་པོ་བརྡུངས་ནས་བཙོན་དུ་བཅུག་སྟེ་བཙོན་སྲུང་པར་བརྟན་པོ་སྲུང་ཕྱིར་བསྒོས་སོ། ༢༤ དེའི་ཕྱིར་ཁོང་གཉིས་བཙོན་ཁང་གི་ཕུགས་སུ་བཅུག་སྟེ། ཞབས་གཉིས་ཨན་གདོས་ལ་བཅུག་གོ།
༢༥ མཚན་ཕྱེད་ཙམ་ལ་པའུ་ལུ་དང་སི་ལཱས་སྨོན་ལམ་འདེབས་ཤིང་། དཀོན་མཆོག་ལ་བསྟོད་དབྱངས་ཕུལ་བའི་ཚེ། བཙོན་པ་གཞན་རྣམས་ཀྱིས་ཉན་གྱིན་ཡོད་པ་ཡིན། ༢༦ གློ་བུར་དུ་ས་གཡོ་དྲག་པོ་ཞིག་བྱུང་ནས་བཙོན་ཁང་གི་རྨང་ཡང་གཡོས་ནས། དེ་མ་ཐག་ཏུ་སྒོ་ཐམས་ཅད་ཀྱང་རང་གར་བྱེས། མི་རེ་རེའི་འཆིང་བ་གྲོལ་ཏོ། ༢༧ བཙོན་སྲུང་པའི་དཔོན་པོ་གཉིད་སད་པས། བཙོན་ཁང་གི་སྒོ་རྣམས་ཕྱེས་ཡོད་པར་མཐོང་སྟེ། བཙོན་པ་རྣམས་ཤོར་བར་བསམས་ནས། རལ་གྲི་བཏོན་ཏེ་རང་གི་སྲོག་གཅོད་པར་བརྩམ་མོ། ༢༨ པའུ་ལུས་གསུང་སྐད་ཆེན་པོས། ང་ཚོ་ཐམས་ཅད་འདིར་ཡོད་པས། རང་ལ་གནོད་པ་མ་བྱེད་ཅིག་ཅེས་གསུངས་སོ། ༢༩ དེས་ཞུན་མར་བླངས་ཏེ་ནང་དུ་བརྒྱུགས་ནས། འཇིགས་པས་འདར་ཞིང་། པའུ་ལུ་དང་སི་ལཱའི་དྲུང་དུ་ལུས་ས་ལ་བརྡབས་སོ། ༣༠ ཁོང་ཕྱི་རོལ་དུ་གདན་དྲངས་ནས། ཇོ་བོ་རྣམས། ང་ཐར་བའི་ཕྱིར་ཅི་བྱ་དགོས་ཞུས་སོ། ༣༡ གཙོ་བོ་ཡེ་ཤུ་ལ་དད་པ་བྱོས་ཤིག་དང་། ཁྱོད་དང་ཁྱོད་ཀྱི་ཁྱིམ་ཚང་ཐར་བར་འགྱུར་གསུངས་ནས། ༣༢ ཁོ་དང་ཁོའི་ཁྱིམ་ཚང་ལ་གཙོ་བོའི་བཀའ་བཤད་དོ། ༣༣ ཁོས་མཚན་མོ་ཆུ་ཚོད་དེ་ཉིད་དུ་དེ་ཚོའི་རྨ་རྣམས་བཀྲུས་པ་དང་། ཁོ་དང་ཁོའི་ཁྱིམ་ཚང་ལ་འཕྲལ་དུ་ཁྲུས་གསོལ་ཏོ། ༣༤ ཁོས་ཁང་པའི་ནང་གདན་འདྲེན་ནས་གསོལ་བ་དྲངས་ཏེ་དཀོན་མཆོག་ལ་དད་པ་བྱས་པའི་རྐྱེན་གྱིས་ཁོའི་ཁྱིམ་ཚང་དང་བཅས་པ་དགའ་མགུ་རངས་སོ༎
༣༥ ནམ་ལངས་པ་དང་ཁྲིམས་དཔོན་ཚོས་ཁྲིམས་གཡོག་བཏང་སྟེ་མི་དེ་གཉིས་འགྲོར་ཆུག་ཅིག་ཅེས་བསྒོས་སོ། ༣༦ བཙོན་སྲུང་པའི་དཔོན་པོས་གཏམ་དེ་པའུ་ལུ་ལ་བཤད་ཅིང་། ཁྲིམས་དཔོན་ཚོས་ཁྱེད་འགྲོར་འཇུག་ཏུ་སྒོ་བས། ཐོན་ཏེ་ཞི་བདེ་བར་ཕེབས་ཤིག་ཅེས་ཞུས་སོ། ༣༧ པའུ་ལུས། ང་ཚོ་རོ་མཱ་པའི་མི་རྩ་ཡིན་པ་ལ། སྔོན་ལ་རྩད་མ་བཅད་པར་ཁྲོམ་ནང་བརྡུངས་ནས་བཙོན་དུ་བཅུག་པས། ད་ང་ཚོ་གསང་སྟེ་འདོན་ནམ། དེས་མི་འགྲིག ཁོང་རང་འོངས་ནས་ང་ཚོ་ཕྱིར་འཁྲིད་དགོས་སོ། ༣༨ ཞེས་གསུངས་པའི་ལོན་ཁྲིམས་གཡོག་གིས་ཁྲིམས་དཔོན་ལ་ཞུས་པ་དང་། ཁོང་རོ་མཱ་པ་ཡིན་པར་ཐོས་ནས་འཇིགས་ཏེ། ༣༩ དེར་འོངས་ཤིང་བཤགས་པ་ཞུས་ནས། ཕྱི་རོལ་དུ་འཁྲིད་ཅིང་གྲོང་ཁྱེར་དེ་ནས་ཕེབས་པའི་ཞུ་བ་ཕུལ་ཏོ། ༤༠ དེ་ནས་ཁོང་བཙོན་ཁང་ནས་ཐོན་ནས་ལིད་ཡཱའི་རྩར་ཕེབས་ཏེ། སྤུན་རྣམས་གཟིགས་པས། དེ་ཚོར་དབུགས་དབྱུངས་ཤིང་དེ་ནས་བཞེངས་སོ༎