༡༧
ཁོང་ཨམ་ཕི་པོ་ལི་དང་ཨ་པོ་ལོ་ནི་ཡཱ་རྒྱུད་ནས་ཐེ་ས་ལོ་ནི་ཀེ་རུ་ཕེབས་པ་དང་། དེར་ཡ་ཧུ་དཱ་པའི་འདུ་ཁང་ཞིག་ཡོད་དེ། ༢ པའུ་ལུ་ནམ་རྒྱུན་བཞིན་དུ་དེ་ཚོའི་རྩར་ཕེབས་ནས་ཤབ་བཱད་གསུམ་གྱི་རིང་གསུང་རབ་ལ་བརྟེན་ནས་རྩོད་གླེང་མཛད་ཅིང་། ༣ མཱ་ཤི་ཀ་ནི་སྡུག་བསྔལ་བཞེས་ནས་གཤིན་པོ་རྣམས་ལས་བཞེང་དགོས་པའི་རྒྱུ་མཚན་སྟོན་ཞིང་ཁུངས་བསྐྱེལ་གྱིས་ངས་ཁྱེད་ཚོར་འཆད་པའི་ཡེ་ཤུ་དེ་ནི་མཱ་ཤི་ཀ་དེ་ལགས་སོ་གསུངས་པ་དེ། ༤ དེ་ཚོའི་ནང་ནས་ཁ་ཅིག་དང་། དཀོན་མཆོག་ལ་བསྙེན་བཀུར་བྱེད་པའི་ཧེལ་ལེན་པ་མང་པོ་དང་། བཙུན་མོ་མང་པོའི་ཁོང་དུ་ཚུད་ནས། པའུ་ལུ་དང་སི་ལཱའི་ཚོགས་སུ་འདྲེས་སོ། ༥ ཡ་ཧུ་དཱ་པ་རྣམས་ཕྲག་དོག་སྐྱེས་ནས། ལམ་སྲང་གི་མི་ངན་འགའ་རེ་ཁྲིད་དེ། མི་ཚོགས་བསྡུས་ནས། གྲོང་ཁྱེར་དཀྲུགས་ཏེ། ཡ་སོན་གྱི་ཁང་པར་རུབ་ནས། ཁོང་གཉིས་མི་ཚོགས་ཀྱི་མདུན་དུ་དྲུད་པར་འདོད་ཀྱང་། ༦ དེར་མ་བརྙེད་པས། ཡ་སོན་དང་སྤུན་ཁ་ཤས་གྲོང་ཁྱེར་གྱི་དཔོན་པོའི་དྲུང་དུ་དྲུད་ནས། འཇིག་རྟེན་གོང་འོག་བཟློག་མཁན་དེ་དག་འདིར་ཡང་བསླེབས་ཏེ། ༧ ཡ་སོན་གྱིས་གནས་ཚང་བཏང་ནས། དེ་ཚོས་རྒྱལ་པོ་ཆེན་པོའི་བཀའ་ལ་མི་རྩི་ཞིང་། ཡེ་ཤུ་བྱ་བའི་རྒྱལ་པོ་གཞན་ཞིག་ཡོད་ཅེས་ཟེར་རོ་སྨྲ་ཞིང་ཀུ་ཅོ་བསྒྲགས་སོ། ༨ གཏམ་དེ་ཐོས་ནས་མི་ཚོགས་དང་གྲོང་ཁྱེར་གྱི་དཔོན་པོ་རྣམས་ཁོང་འཁྲུགས་ནས། ༩ ཡ་སོན་དང་གཞན་རྣམས་ལས་གཏའ་མ་བླངས་ནས་བཏང་ངོ་༎༡༠ སྤུན་ཚོས་འཕྲལ་དུ་པའུ་ལུ་དང་སི་ལཱ་མཚན་མོར་བེ་རོ་རུ་གདན་ཞུས་ནས། དེར་བསླེབས་པ་དང་ཡ་ཧུ་དཱ་པའི་འདུ་ཁང་དུ་ཕེབས་སོ། ༡༡ འདི་ཚོ་ཐེ་ས་ལོ་ནི་ཀེ་པ་རྣམས་ལས་ཡ་རབས་ཤིང་། བཀའ་ལ་དུང་བས་ཉན་ཏེ། ཉིན་རེ་བཞིན་དེ་ལྟར་ཡིན་མིན་གསུང་རབ་ལས་བརྟག་དཔྱད་བྱས་སོ། ༡༢ དེའི་རྐྱེན་གྱིས་དེ་ཚོའི་ནང་ནས་མང་པོ་དང་། ཧེལ་ལེན་པའི་ནང་ནས་བཙུན་མོ་དང་སྐྱེས་པ་མང་པོ་དད་པར་གྱུར་ཏོ། ༡༣ ཐེ་ས་ལོ་ནི་ཀེའི་ཡ་ཧུ་དཱ་པ་ཚོས། པའུ་ལུས་བེ་རོ་རུའང་དཀོན་མཆོག་གི་བཀའ་བཤད་པ་ཐོས་ཏེ། དེར་ཡང་འོངས་ནས་མི་ཚོགས་དཀྲུགས་སོ། ༡༤ སྤུན་ཚོས་འཕྲལ་དུ་པའུ་ལུ་རྒྱ་མཚོའི་ཕྱོགས་སུ་གདན་ཞུས་ཏེ། སི་ལཱ་དང་ཏི་མོ་ཐེའུ་དེར་བཞུགས་སོ། ༡༥ པའུ་ལུའི་གདན་ཞུ་བ་རྣམས་ཨ་ཐེ་ནེ་བར་དུ་སོང་ནས། སི་ལཱ་དང་ཏི་མོ་ཐེའུ་གཉིས་ཅི་མྱུར་འོང་དགོས་ཀྱི་བཀའ་ཤོག་ཁྱེར་ནས་ཕྱིར་ལོག་འོངས་སོ༎
༡༦ པའུ་ལུས་ཨ་ཐེ་ནེ་རུ་དེ་གཉིས་ལ་སྒུག་པའི་ཚེ། རྒྱལ་ས་དེ་སྐུ་འདྲས་གང་བར་གཟིགས་པས་ཁོང་ཐུགས་འཁྲུགས་ནས། ༡༧ འདུ་ཁང་ནང་ཡ་ཧུ་དཱ་པ་དང་དཀོན་མཆོག་ལ་བསྙེན་བཀུར་ཞུ་བ་རྣམས་དང་། ཁྲོམ་ལ་ཉིན་རེ་བཞིན་འོང་བ་རྣམས་དང་མཉམ་རྩོད་གླེང་མཛད་དོ། ༡༨ ཨེ་པི་ཀུར་དང་སྟོ་ཨི་ཀེའི་ལྟ་བ་འཛིན་མཁན་འགའ་རེས་ཀྱང་ཁོང་དང་མཉམ་རྩོད་དོ། ཡེ་ཤུ་དང་གཤིན་པོ་རྣམས་ལང་བའི་སྐོར་ཆོས་བཤད་པས། མི་ལ་ལས་ཁ་མང་ཅན་འདིས་གང་ལབ་སྨྲས་སོ། མི་ལ་ལས་འདི་ནི་ལྷ་གཞན་པ་ཞིག་གི་སྐོར་ཆོས་སྟོན་མཁན་ཞིག་འདྲའོ་ཞེས་སྨྲས་སོ། ༡༩ དེ་ཚོས་ཁོང་ཨ་རེ་ཨོ་ཕག་༼གམ་གྲོང་ཁྱེར་གྱི་དོ་ར་༽རུ་ཁྲིད་དེ། ཁྱོད་ཀྱིས་འཆད་པའི་བསྟན་པ་གསར་པ་གང་ཡིན་པ་དེ་ང་ཚོས་ཤེས་ཐུབ་བམ། ༢༠ ཁྱེད་ཀྱིས་བཤད་པ་དེ་ང་ཚོའི་རྣ་བར་ཡ་མཚན་ཆེ་བས། དེའི་དོན་ཤེས་པར་འདོད་ཞུས་སོ། ༢༡ ཨ་ཐེ་ནེ་པ་དང་དེར་གནས་པ་གཞན་རྣམས་ཀྱང་གཏམ་གསར་ཉན་བཤད་ནང་དུས་འདའ་བ་ལས་གཞན་གང་ཡང་མི་བྱེད་དོ༎
༢༢ པའུ་ལུས་ཨ་རེ་ཨོ་ཕག་གི་དཀྱིལ་དུ་བཞེངས་ནས་གསུངས་པ། ཨ་ཐེ་ནེ་པ་རྣམས། ངས་ཁྱེད་ཚོ་རྣམ་པ་ཐམས་ཅད་ནས་ཆོས་པ་ཡིན་པར་མཐོང་ངོ་། ༢༣ ང་ཕན་ཚུན་འགྲོ་བའི་ཚེ། ཁྱེད་ཀྱིས་བསྙེན་བཀུར་བྱེད་པའི་རྟེན་རྣམས་ལ་བལྟས་པས། རྒྱུས་མེད་པའི་དཀོན་མཆོག་གི་ཕྱིར་ཞེས་བྲིས་ཡོད་པའི་མཆོད་ཁྲི་ཞིག་ངས་མཐོང་བྱུང་། ཁྱེད་ཀྱིས་རྒྱུས་མེད་པར་བསྙེན་བཀུར་ཞུ་བའི་དཀོན་མཆོག་དེ་གང་ཡིན་པ་ཁྱེད་ལ་ངས་འཆད་དོ། ༢༤ འཇིག་རྟེན་དང་དེའི་ནང་ཡོད་པའི་དངོས་པོ་ཐམས་ཅད་མཛད་པའི་དཀོན་མཆོག་ནི། གནམ་སའི་གཙོ་བོ་ལགས་པས་ཁོང་མི་ཡིས་བཟོས་པའི་ལྷ་ཁང་ནང་མི་བཞུགས་ཤིང་། ༢༥ ཉིད་ཀྱིས་རེ་རེ་ལ་སྲོག་དང་དབུགས་དང་ཇི་དགོས་པ་ཐམས་ཅད་གནང་བས། ཁོང་ལ་ཅི་ཡང་མི་དགོས་པས། མིའི་ལག་ནས་མཆོད་པའི་དགོས་པའང་མེད་དོ། ༢༦ ཁོང་གིས་ས་སྟེང་དུ་གནས་ཕྱིར་མི་གཅིག་ནས་མི་བརྒྱུད་ཐམས་ཅད་བཀོད་ཅིང་། རེ་རེའི་དུས་དང་གནས་པའི་ས་མཚམས་བསྐོས་པའི་རྒྱུ་ནི། ༢༧ དཀོན་མཆོག་ནི་ཉུག་ནས་རྙེད་པ་ལྟ་བུའི་རེ་བས་འཚོལ་བའི་ཕྱིར་རོ། ཁོང་ནི་ང་ཚོ་རེ་རེ་དང་ཐག་རིང་མིན་ཅིང་། ༢༨ ང་ཚོ་གསོན་པ་དང་འགྲུལ་བ་དང་ཡོད་པ་ནི་ཁོང་གི་རོལ་པའོ། ཁྱེད་ཀྱི་སྙན་ངག་མཁན་རེས་ཀྱང་། ང་ཚོའང་ཁོང་གི་གདུང་བརྒྱུད་ཡིན། ཞེས་སྨྲས་སོ། ༢༩ དཀོན་མཆོག་གི་གདུང་བརྒྱུད་ཡིན་བཞིན་དུ། དཀོན་མཆོག་ནི་མིའི་བློ་དང་དམིགས་པས་བཟོས་པའི་གསེར་རམ་དངུལ་ལམ་རྡོ་དང་འདྲ་བ་ཞིག་ཡིན་བསམ་པར་མི་རིགས་སོ། ༣༠ དཀོན་མཆོག་གིས་མ་རིག་པའི་དུས་ལ་མ་གཟིགས་པར། ད་དཀོན་མཆོག་གིས་གནས་མཐའ་དག་ཏུ་མི་ཐམས་ཅད་ལ་སེམས་སྒྱུར་ཅིག་ཅེས་བཀའ་སྩལ་ལོ། ༣༡ ཁོང་གིས་བཙུགས་པའི་ཉིན་མོར་ཁོང་གིས་བསྐོས་པའི་སྐྱེས་བུས་འཇིག་རྟེན་གྱི་ཞལ་ཆེ་དྲང་པོར་གཅོད་པར་འགྱུར་རོ། སྐྱེས་བུ་དེ་གཤིན་པོ་རྣམས་ལས་བསླངས་པའི་སྒོ་ནས་དེ་ལྟར་འབྱུར་བར་འགྱུར་བ་བདེན་པ་ཡིན་པ་ཐམས་ཅད་ལ་བསྟན་པར་མཛད་དོ་ཞེས་གསུངས་སོ། ༣༢ གཤིན་པོ་ལང་བའི་གཏམ་ཐོས་ནས་ལ་ལས་འཕྱས། ལ་ལས་འདིའི་སྐོར་རྗེས་སུ་ཉན་པར་བྱའོ་ཞེས་སྨྲས་སོ། ༣༣ དེ་ལྟར་པའུ་ལུས་དེ་ཚོའི་དཀྱིལ་ནས་ཕྱིར་ཕེབས་སོ། ༣༤ ཁ་ཅིག་དད་ཅིང་ཁོང་དང་འདྲེས་སོ། དེའི་ནང་ཨ་རེ་ཨོ་ཕག་གི་ཁྲིམས་དཔོན་དི་ཨོ་ནི་སིའུ་དང་ད་མཱ་རི་བྱ་བའི་བུད་མེད་ལ་སོགས་པ་གཞན་ཡང་ཡོད་དོ༎