༡༨
དེའི་རྗེས་སུ་པའུ་ལུ་་ཨ་ཐེ་ནེ་ནས་བཞེངས་ཏེ་ཀོ་རིན་ཐུ་ལ་ཕེབས་སོ། ༢ རྒྱལ་པོ་ཀ་ལོ་དིའུས་ཡ་ཧུ་དཱ་པ་ཐམས་ཅད་རོ་མཱ་ནས་ཐོན་དགོས་པའི་བཀའ་སྩལ་པའི་རྐྱེན་གྱིས། པོན་ཏུར་སྐྱེས་པའི་ཡ་ཧུ་དཱ་པ་ཨ་ཀུ་ལཱ་བྱ་བ་ཆུང་མ་པྲིས་ཀིལ་ལཱ་དང་བཅས་པ་ཨི་ཏ་ལི་ནས་འཕྲལ་དུ་བསླེབས་པ་དེ་དང་ཕྲད་ནས་དེ་ཚོའི་རྩར་ཕེབས་སོ། ༣ ཁོང་གི་ཕྱག་ལས་དེ་དག་དང་གཅིག་པས། དེ་ཚོ་མཉམ་དུ་བཞུགས་ཤིང་གུར་བཟོས་སོ། ༤ ཤབ་བཱད་རེ་བཞིན་འདུ་ཁང་ནང་རྩོད་གླེང་མཛད་ཅིང་། ཡ་ཧུ་དཱ་པ་དང་ཧེལ་ལེན་པ་འགུག་ཕྱིར་བརྩོན་ནོ༎༥ སི་ལཱ་དང་ཏི་མོ་ཐེའུ་་མ་ཀེ་དོན་ནས་བསླེབས་ཙ་ན། པའུ་ལུས་ཡ་ཧུ་དཱ་པ་རྣམས་ལ་ཡེ་ཤུ་ནི་མཱ་ཤི་ཀ་ལགས་པའི་དཔང་པོ་མཛད་ཅིང་ཆོས་སྟོན་གྱིན་ཡོད་པ་ཡིན། ༦ ཡ་ཧུ་དཱ་པ་ཚོས་ཁོང་ལ་རྒོལ་ཞིང་སྨད་པས། ཁོང་གིས་ན་བཟའ་སྤྲུགས་ནས་དེ་ཚོར་ཁྱེད་ཚོའི་སྡིག་པའི་ཆད་པ་ཁྱེད་ཚོའི་མགོ་ལ་ཕོག་པས། ང་ལ་སྐྱོན་མེད། ད་ཕྱིན་ཆད་ང་ཕྱི་པའི་རྩར་འགྲོའོ་ཞེས་གསུངས་སོ། ༧ དེ་ནས་བཞེངས་ཏེ་དཀོན་མཆོག་ལ་བསྙེན་བཀུར་བྱེད་པའི་མི་ཏི་ཏུ་ཡུས་ཏུ་བྱ་བའི་ཁང་པ་འདུ་ཁང་གི་འགྲམ་ན་ཡོད་པ་དེར་ཕེབས་སོ། ༨ འདུ་ཁང་གི་དབུ་མཛད་ཀ་རིས་པུ་ཁྱིམ་ཚང་དང་བཅས་པས་གཙོ་བོ་ལ་དད་པར་གྱུར་པ་དང་། ཀོ་རིན་ཐུ་པ་མང་པོས་ཀྱང་པའུ་ལུ་ལས་བཀའ་ཐོས་ནས་དད་ཅིང་ཁྲུས་གསོལ་ཐོབ་བོ། ༩ མཚན་མོར་གཙོ་བོས་ཞལ་གཟིགས་ནང་པའུ་ལུ་ལ། མི་འཇིགས་ཤིང་ཁ་མ་རོག་པར་ཆོས་སྟོན་ཅིག ༡༠ གྲོང་ཁྱེར་འདིར་ངའི་མི་ཤིན་ཏུ་མང་པོ་ཡོད་ཅིང་། ང་ཁྱོད་དང་འགྲོགས་པས། སུས་ཀྱང་ཁྱོད་ལ་རྒོལ་ཞིང་གནོད་པ་བྱེད་པར་མི་ནུས་སོ་ཞེས་གསུངས་སོ། ༡༡ དེ་ནས་དེ་ཚོར་དཀོན་མཆོག་གི་བཀའ་བཤད་ཅིང་ཡུལ་དེར་ལོ་གཅིག་དང་ཟླ་བ་དྲུག་བཞུགས་སོ༎
༡༢ གལ་ཡོན་གྱིས་ཨ་ཁ་ཡཱ་ཡུལ་གྱི་སྤྱི་ཁྱབ་བྱེད་པའི་ཚེ། ཡ་ཧུ་དཱ་པ་ཐམས་ཅད་ཀྱིས་གྲོས་མཐུན་པས་པའུ་ལུ་ལ་དགྲ་རུ་ལངས་ཏེ། ཁོང་ཁྲིམས་རར་ཁྲིད་ནས། ༡༣ མི་འདིས་བཀའ་ཁྲིམས་དང་མི་མཐུན་པར་དཀོན་མཆོག་ལ་བསྙེན་བཀུར་བྱེད་ཕྱིར་བསྐུལ་ལོ་ཞེས་སྨྲས་སོ། ༡༤ པའུ་ལུས་ལན་གསོལ་བར་བརྩམས་པ་ལས། གལ་ཡོན་གྱིས་ཡ་ཧུ་དཱ་པ་རྣམས་ལ། གལ་ཏེ་མི་འདིས་མི་རིགས་པའམ་ཉེས་པ་ཆེན་པོ་ཞིག་བྱས་ཡོད་པ་ཡིན་ན། ཁྱེད་ཀྱི་ཞུ་བ་ལ་ངས་ཉན་ཡོད་འགྲོ། ༡༥ འོན་ཀྱང་འདི་ནི་ཁྱེད་ཚོའི་བཀའ་ཁྲིམས་དང་ཚིག་དང་མིང་རྣམས་ཀྱི་སྐོར་ཡིན་པས་ཁྱེད་རང་ཤེས། ང་ནི་བྱ་བ་འདི་ཚོའི་ཁྲིམས་དཔོན་བྱེད་པར་མི་འདོད་དོ་སྨྲས་ནས། ༡༦ ཁོང་ཚོ་ཁྲིམས་ར་ནས་ཕྱིར་སྐྲད་དོ། ༡༧ དེ་ཚོས་འདུ་ཁང་གི་དབུ་མཛད་སོས་ཐེ་ནེ་བཟུང་ནས། ཁྲིམས་རའི་མདུན་དུ་བརྡུངས་ཀྱང་། གལ་ཡོན་གྱིས་དེ་ལ་དོ་སྣང་མ་བྱས་སོ༎
༡༨ དེའི་རྗེས་སུ་རེ་ཞིག་དེར་བཞུགས་ནས། སྤུན་རྣམས་ལ་ཕྱི་ཕྱག་མཛད་དོ། པྲིས་ཀིལ་ལཱ་དང་ཨ་ཀུ་ལཱ་བཅས་པ་ཆུ་ཐོག་ཏུ་སི་རི་ཡཱའི་ཕྱོགས་སུ་ཕེབས་སོ། ཀེན་ཁེ་རེ་བྱ་བའི་གྲོང་ཁྱེར་དུ་དམ་བཅའ་བཞིན་དུ་དབུ་སྐྲ་བྲེགས་སོ། ༡༩ ཨེ་ཕེ་སུ་རུ་ཕེབས་ནས། དེ་གཉིས་དེར་བཞག་ནས། ཁོང་རང་འདུ་ཁང་དུ་ཕེབས་ཏེ་ཡ་ཧུ་དཱ་པ་རྣམས་དང་རྩོད་གླེང་མཛད་དོ། ༢༠ དེ་ཚོས་རེ་ཞིག་བཞུགས་ཞུས་ཀྱང་མ་བཞུགས་ཤིང་། ཕྱི་ཕྱག་མཛད་པའི་ཚེ། ༢༡ དཀོན་མཆོག་གིས་དགོངས་པ་གནང་ན་ང་སླར་བསླེབ་འོང་གསུངས་ཏེ་གྲུ་ལ་ཞུགས་ནས་ཕེབས་སོ། ༢༢ ཀེ་སར་ཡཱ་རུ་བྱོན་ཏེ་ཆོས་ཚོགས་ལ་ཕྱག་བྱེད་དུ་ཕེབས་ནས། ཨན་ཏི་ཡོག་ཏུ་བྱོན་ནོ༎
༢༣ རེ་ཞིག་དེར་བཞུགས་ནས་ཡང་ཕེབས་ཏེ། ག་ལད་ཡཱ་དང་ཕ་རིག་ཡཱ་ཡུལ་འཁོར་རིམ་གྱིས་རྒྱུ་ཞིང་ཉེ་གནས་ཐམས་ཅད་བརྟན་པོར་མཛད་དོ། ༢༤ ཨ་ལེག་སན་དྲི་ཡཱ་རུ་སྐྱེས་པའི་ཡ་ཧུ་དཱ་པ་ཨ་པོལ་ལོ་བྱ་བ་གསུང་རབ་ལ་མཁས་ཤིང་ངག་དབང་ཅན་ཞིག་ཨེ་ཕེ་སུ་རུ་བསླེབས་སོ། ༢༥ ཡོ་ཧ་ནན་གྱི་ཁྲུས་གསོལ་གྱི་ཆོས་འབའ་ཞིག་ཤེས་ཀྱང་། གཙོ་བོའི་ལམ་ལ་བསླབས་པས། སེམས་ཀྱི་སྟོབས་ཤུགས་ཆེ་ཞིང་། ཡེ་ཤུའི་སྐོར་དག་པོར་ཆོས་བསྟན་ཏོ། ༢༦ འདུ་ཁང་ནང་སྙིང་རུས་ཀྱིས་ཆོས་བཤད་པ་དང་། པྲིས་ཀིལ་ལཱ་དང་ཨ་ཀུ་ལཱས་ཆོས་བཤད་པ་དེ་ཐོས་ཏེ། རང་གི་ཁྱིམ་དུ་ཁྲིད་ནས། དེ་ལ་དཀོན་མཆོག་གི་ལམ་དག་པོར་བསྟན་ཏོ། ༢༧ ཨ་པོ་ལོ་ཨ་ཁ་ཡཱ་ཡུལ་དུ་འགྲོ་འདོད་པས། སྤུན་རྣམས་ཀྱིས་ལེགས་སོ་སྨྲ་ཞིང་། ཉེ་གནས་རྣམས་ལ་ཁོང་བསུ་བའི་ཕྱིར་ཡི་གེ་བྲིས་སོ། དེར་བསླེབས་ནས་དཀོན་མཆོག་གི་ཐུགས་རྗེའི་སྒོ་ནས་དད་པར་གྱུར་པ་རྣམས་ལ་རོགས་རམ་མང་པོ་བྱེད་ཅིང་། ༢༨ གསུང་རབ་ནས་ཡེ་ཤུ་ནི་མཱ་ཤི་ཀ་ལགས་པ་བསྟན་ཅིང་། ཡ་ཧུ་དཱ་པ་རྣམས་ཁྲོམ་དཀྱིལ་དུ་ངག་དབང་གིས་ཕམ་བཅུག་གོ།