༡༩
ཨ་པོལ་ལོ་་ཀོ་རིན་ཐུ་རུ་ཡོད་པའི་ཚེ། པའུ་ལུ་ཡུལ་སྟོད་རྒྱུ་ཞིང་ཨེ་ཕེ་སུ་རུ་ཕེབས་པ་དང་། ཉེ་གནས་ཁ་ཅིག་གཟིགས་ནས།  དད་པ་བྱས་པའི་དུས་སུ་ཁྱེད་ཚོར་དམ་པའི་ཐུགས་ཉིད་ཐོབ་བམ་གསུངས་པས། དེ་ཚོས་མ་ཐོབ། དམ་པའི་ཐུགས་ཉིད་ཡོད་པའང་མ་ཐོས་སོ། ཞུས་སོ།  འོ་ན་སུའི་ཁྲུས་གསོལ་ཐོབ་གསུངས། ཡོ་ཧ་ནན་གྱི་ཁྲུས་གསོལ་ཐོབ་ཞུས་སོ།  པའུ་ལུས། ཡོ་ཧ་ནན་གྱིས་ནི་སེམས་སྒྱུར་བའི་ཁྲུས་གསོལ་ཏེ། མི་སྡེ་ལ་ཁོང་གི་རྗེས་སུ་འབྱོན་པ་དེ་ལ་དད་པ་བྱེད་ཕྱིར་བསྐུལ་བ་ཡིན། འབྱོན་པ་དེ་ནི་ཡེ་ཤུ་ལགས་སོ་ཞེས་གསུངས་པས།  དེ་ཐོས་ནས་གཙོ་བོ་ཡེ་ཤུའི་ཁྲུས་བླངས་སོ།  པའུ་ལུས་དེ་རྣམས་ལ་ཕྱག་དབང་གནང་བ་དང་། དམ་པའི་ཐུགས་ཉིད་བབས་ནས་སྐད་སོ་སོ་སྨྲ་ཞིང་ལུང་བསྟན་ཏོ།  དེ་རྣམས་སྡོམ་བཅུ་གཉིས་ཙམ་ཡོད་དོ།  པའུ་ལུ་འདུ་ཁང་དུ་ཕེབས་ནས། ཟླ་བ་གསུམ་གྱི་བར་དུ་དཀོན་མཆོག་གི་རྒྱལ་སྲིད་ཀྱི་སྐོར་ལ་སྙིང་རུས་ཀྱིས་རྩོད་གླེང་དང་སྐུལ་མ་མཛད་ཅིང་ཆོས་བསྟན་ཏོ།  ཁ་ཅིག་སྙིང་གྱོང་ཞིང་མ་དད་པར། ཚོགས་ཀྱི་མདུན་དུ་ལམ་དེ་ལ་སྨད་པས། ཁོང་ཉེ་གནས་དང་བཅས་དེ་ཚོ་ལས་གྱེས་ནས། ཉིན་རེ་བཞིན་ཏི་རན་ནུའི་ཆོས་ར་རུ་རྩོད་གླེང་མཛད་དོ། ༡༠ དེ་བཞིན་དུ་ལོ་གཉིས་མཛད་ཅིང་ཨ་སི་ཨ་ཡུལ་ན་གནས་པའི་ཡ་ཧུ་དཱ་པ་དང་ཧེལ་ལེན་པ་ཐམས་ཅད་ཀྱིས་གཙོ་བོའི་བཀའ་ཐོས་སོ༎
༡༡ དཀོན་མཆོག་གིས་པའུ་ལུའི་སྒོ་ནས་ཕྲིན་ལས་ཁྱད་པར་ཅན་རྣམས་མཛད་དེ། ༡༢ ཁོང་གི་སྐུ་ལུས་ཀྱི་ཞལ་ཕྱིས་དང་ཕྱག་ཕྱིས་ཁྱེར་ནས། ནད་པ་ཚོར་བཞག་པ་ལས་ནད་ཀྱང་སོས་ཤིང་། འགོང་པོ་རྣམས་ཀྱང་ཐོན་ནོ། ༡༣ བགེགས་སྐྲོད་མཁན་ཡིན་པའི་ཡ་ཧུ་དཱ་པ་གནས་འཁོར་པ་ཁ་ཅིག་གིས། འགོང་ཞུགས་རྣམས་ལ། ངས་པའུ་ལུས་བཤད་པའི་ཡེ་ཤུའི་མཚན་གྱི་སྒོ་ནས་ཁྱོད་དམ་ལ་འདོགས་སོ་ཞེས་སྨྲ་ཞིང་གཙོ་བོ་ཡེ་ཤུའི་མཚན་བརྗོད་དོ། ༡༤ ཡ་ཧུ་དཱ་པའི་བླ་ཆེན་སྐེ་ཝཱའི་བུ་བདུན་གྱིས་དེ་ལྟར་བྱས་ནས། ༡༥ དེ་རྣམས་ལ་བགེགས་དེས། ངས་ཡེ་ཤུ་ཡང་ཤེས། པའུ་ལུ་ཡང་ཤེས། འོན་ཀྱང་ཁྱེད་སུ་ཡིན་སྨྲས་ནས། ༡༦ དེ་ཚོའི་ཐོག་ཏུ་མཆོངས་ཏེ། དེ་ཚོ་ལས་རྒྱལ་ཞིང་འཕམ་པར་བྱས་པ་དང་། ཁོང་ཚོ་རྨས་ནས་གཅེར་བུར་ཁང་པ་ནས་བྲོས་སོ། ༡༧ ཨེ་ཕེ་སུ་རུ་གནས་པའི་ཡ་ཧུ་དཱ་པ་དང་ཧེལ་ལེན་པ་ཐམས་ཅད་ཀྱིས་དེ་ཤེས་ནས་ཐམས་ཅད་འཇིགས་ཤིང་། གཙོ་བོ་ཡེ་ཤུའི་མཚན་རྒྱས་པར་གྱུར་ཏོ། ༡༨ དེ་ཚོའི་དཀྱིལ་ནས་དད་པ་ཅན་མང་པོ་འོངས་ནས། རང་གི་ལག་ལེན་དོར་ཞིང་མཐོལ་ལོ། ༡༩ རྫུ་འཕྲུལ་མཁན་མང་པོས་རང་གི་དཔེ་ཆ་རྣམས་ཕྱོགས་གཅིག་ཏུ་སྤུངས་ཏེ་ཁྲོམ་གྱི་མདུན་དུ་ཚང་མས་མཐོང་སར་བསྲེགས་སོ། རིན་གྱི་རྩིས་བྱས་ནས་དངུལ་ཊཾ་ལྔ་ཁྲི་ཐོན་ནོ། ༢༠ དེ་ལྟར་གཙོ་བོའི་བཀའ་ཤིན་ཏུ་དར་ཞིང་རྒྱས་སོ༎
༢༡ དེའི་རྗེས་སུ་པའུ་ལུའི་ཐུགས་ལ་མ་ཀེ་དོན་དང་ཨ་ཁ་ཡཱ་ཡུལ་རྒྱུད་དེ། ཡེ་རུ་ཤ་ལེམ་དུ་ཕེབས་ནས། དེའི་རྗེས་སུ་རོ་མཱ་རུའང་ཕེབས་དགོས་ཞེས་དགོངས་སོ། ༢༢ ཁོང་གི་ཞབས་ཕྱིའི་ནང་ནས་ཏི་མོ་ཐེའུ་དང་ཨེ་རས་ཏུ་གཉིས་ཡུལ་མ་ཀེ་དོན་དུ་བཏང་སྟེ། ཁོང་རང་རེ་ཞིག་ཨ་སི་ཨ་རུ་བཞུགས་སོ༎
༢༣ དུས་དེ་ཙམ་ལ་ཆོས་ལམ་དེའི་སྐོར་ལ་རྩོད་འཁྲུགས་ཆེན་པོ་བྱུང་ངོ་། ༢༤ དངུལ་བཟོ་བ་དེ་མི་ཏྲིའུས་ལྷ་མོ་ཨར་ཏི་མིའི་ལྷ་རྟེན་དངུལ་ལས་བཟོས་ཤིང་ཁོའི་ལས་གྲོགས་རྣམས་ལའང་ནོར་མང་པོ་ཐོབ་བོ། ༢༥ ཁོང་ཚོས་དངུལ་བཟོ་པ་གཞན་རྣམས་ཀྱང་བསྡུས་ཏེ། འདི་སྐད་དུ། སྐྱེ་བོ་རྣམས། ང་ཚོའི་འབྱོར་པ་ནི་བཟོ་ལས་འདི་ལས་ཡིན་པ་ཁྱེད་ཚོས་ཤེས་ཏེ། ༢༦ ཨེ་ཕེ་སུ་རུ་མ་ཟད་ཨ་སི་ཨ་ཡོངས་སུ་པའུ་ལུ་འདིས། ལག་པས་བཟོས་པ་ནི་ལྷ་མ་ཡིན་ནོ་ཞེས་སྨྲས་ཤིང་མི་མང་པོ་བསླུས་ཏེ་སེམས་འགྱུར་བར་བྱས་པ་ཁྱེད་ཚོས་མཐོང་ཞིང་ཐོས་སོ། ༢༧ ང་ཚོའི་བཟོ་ལས་ལ་རྩིས་མེད་འགྱུར་བའི་འཇིགས་པ་མ་ཟད། ཨ་སི་ཨ་དང་འཇིག་རྟེན་གྱི་མི་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་པའི་ལྷ་མོ་ཆེན་མོ་ཨར་ཏི་མིའི་ལྷ་རྟེན་ལ་སྟི་སྟང་མེད་པར་འགྱུར་བས་ཆེ་བ་ཉམས་པར་འགྱུར་ཞེས་སྨྲས་སོ༎
༢༨ དེ་ཐོས་ནས་དེ་ཚོ་ཤིན་ཏུ་ཁྲོས་ནས་སྐད་ཆེན་པོས། ཨེ་ཕེ་སུ་པའི་ཨར་ཏི་མི་ཆེའོ་ཞེས་འབོད་བསྒྲགས་སོ། ༢༩ གྲོང་ཁྱེར་ཟིང་ཆས་གང་སྟེ། པའུ་ལུའི་ལམ་གྲོགས་མ་ཀེ་དོན་པ་ག་ཡུ་དང་ཨ་རིས་ཏར་ཀུ་གཉིས་བཟུང་ནས། དེ་རྣམས་ལྷན་ཅིག་ཏུ་ལྟད་མོ་ཁང་དུ་བརྒྱུགས་སོ། ༣༠ པའུ་ལུ་མི་ཚོགས་ཀྱི་དཀྱིལ་དུ་ཕེབས་པར་དགོངས་ཀྱང་། ཉེ་གནས་རྣམས་ཀྱིས་བཀག་གོ། ༣༡ ཁོང་གི་གྲོགས་པོ་ཡིན་པའི་ཨ་སི་ཨའི་བློན་པོ་ཁ་ཅིག་གིས་ཀྱང་མི་ཞིག་བཏང་ནས། ལྟད་མོ་ཁང་ལ་མ་ཕེབས་ཅེས་ཞུས་སོ། ༣༢ མི་ཚོགས་ནང་ཟིང་ཆ་ལངས་པས་མི་སོ་སོས་གང་བྱུང་སྨྲས་སོ། མི་མང་ཤོས་ཀྱིས་དེར་འདུས་པའི་རྒྱུ་མཚན་ཡང་མ་ཤེས་སོ། ༣༣ ཡ་ཧུ་དཱ་པས་མདུན་དུ་ཁྲིད་པའི་ཨ་ལེག་སན་དེར་ལ་མི་ཚོགས་ཀྱིས་སྨྲ་ཕྱིར་བསྐུལ་བས། ཨ་ལེག་སན་དེར་གྱིས་རྒྱུ་རྐྱེན་འཆད་པའི་ཕྱིར་ལག་བརྡ་བྱས་ཀྱང་། ༣༤ ཁོ་ཡ་ཧུ་དཱ་པ་ཡིན་པར་ཤེས་ནས། ཆུ་ཚོད་གཉིས་ཀྱི་བར་དུ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ། ཨེ་ཕེ་སུ་པའི་ཨར་ཏི་མི་ཆེའོ་ཞེས་འབོད་བསྒྲགས་སོ། ༣༥ དེ་ནས་གྲོང་ཁྱེར་གྱི་དྲུང་ཡིག་གིས་མི་ཚོགས་རྣམས་ཁ་རོག་སྡོད་བཅུག་ནས་དེ་ཚོར། ཁྱེད་ཨེ་ཕེ་སུ་པ་ཚོ། ཨེ་ཕེ་སུའི་གྲོང་ཁྱེར་འདི་ནི་ལྷ་མོ་ཆེན་མོ་ཨར་ཏི་མི་དང་ནམ་མཁའ་ལས་བབས་པ་ཁོང་གི་སྐུ་འདྲའི་དཀོན་གཉེར་ཡིན་པ་སུས་མི་ཤེས། ༣༦ དེ་ལ་རྩོད་རྒྱུ་མེད་པས་ཁྱེད་ཚོ་ཁ་རོག་སྡོད་ལ་ཧར་ཧུར་གྱིས་ཅིའང་མ་བྱེད་ཅིག ༣༧ ཁྱེད་ཀྱིས་ཁྲིད་པའི་མི་འདི་གཉིས་ཀྱིས་ལྷ་ཁང་ལ་འབག་པའང་མ་བྱས། ང་ཚོའི་ལྷ་མོ་ལའང་མ་སྨད་དོ། ༣༨ དེའི་ཕྱིར་དེ་མི་ཏྲིའུ་དང་དངུལ་བཟོ་པ་རྣམས་ལ་ཁྲིམས་ཞུ་རྒྱུ་ཡོད་ན། ཁྲིམས་ར་ཕྱེས་ཡོད། སྤྱི་ཁྱབ་ཀྱང་ཡོད་པས། དེར་གཅིག་གིས་གཅིག་ལ་སྐྱོན་འདོགས་པར་རུང་ངོ་། ༣༩ དེ་ལས་ལྷག་པར་འདོད་ན། ཚོགས་འདུས་ནང་ཐག་གཅད་འོང་། ༤༠ དེ་རིང་དོན་མེད་ཀྱི་ཟིང་ཆའི་ཕྱིར་རྒྱུ་མཚན་བཤད་རྒྱུ་མེད་པས། ང་ཚོར་རྩོད་འཁྲུགས་ལང་བའི་སྙད་འཕོག་ཉེན་ཡོད་དོ། ༤༡ ཞེས་སྨྲས་ནས་མི་ཚོགས་འགྲོར་བཅུག་གོ།