༢༠
རྩོད་འཁྲུགས་དེ་ཞི་བའི་རྗེས་སུ་ཉེ་གནས་རྣམས་བོས་ནས་གདམས་ངག་གནང་སྟེ། ཕྱག་མཛད་ནས་མ་ཀེ་དོན་དུ་ཕེབས་སོ། ༢ ཡུལ་ཁག་དེ་ཚོ་རྒྱུད་ཅིང་གདམས་ངག་མང་པོ་གནང་སྟེ། ཧེལ་ལེན་ཡུལ་དུ་ཕེབས་སོ། ༣ ཟླ་བ་གསུམ་དེར་བཞུགས་ནས་སི་རི་ཡཱ་རུ་ཆུ་ཐོག་ཏུ་ཕེབས་པར་དགོངས་པ་ལས། ཡ་ཧུ་དཱ་པ་རྣམས་ཀྱིས་ཁོང་གི་ཕྱིར་གྲོས་ངན་བྱས་པ་ལས། མ་ཀེ་དོན་རྒྱུད་ནས་ཕེབས་པར་ཐག་བཅད་དོ། ༤ ཁོང་དང་མཉམ་དུ་བེ་རོ་པ་པིར་རུའི་བུ་སོ་པ་ཏེར་དང་། ཐེ་ས་ལོ་ནི་ཀེ་པ་ཨ་རིས་ཏར་ཀུ་དང་སེ་ཀུན་ཏུ་དང་། དེར་བེ་པ་ག་ཡུ་དང་ཏི་མོ་ཐེའུ་དང་། ཨ་སི་ཨ་པ་ཏི་ཁི་ཀུ་དང་ཏྲོ་ཕི་མུ་བཅས་སོང་ངོ་། ༥ དེ་དག་སྔོན་དུ་སོང་ནས་ང་ཚོ་འོང་བའི་བར་དུ་ཏྲོ་ཡཱ་རུ་བསྒུགས་སོ། ༦ སྐྱུར་རྩི་མེད་པའི་བག་ལེབ་ཀྱི་དུས་ཆེན་རྫོགས་ནས་ང་ཚོ་ཕི་ལིབ་པི་ནས་ཆུ་ཐོག་ཏུ་ཐོན་ཏེ་ཞག་ལྔའི་ནང་ཏྲོ་ཡཱ་རུ་ཁོང་གི་རྩར་བསླེབས་ནས་ཞག་བདུན་དེར་བསྡད་དོ༎༧ བདུན་ཕྲག་གི་ཞག་དང་པོ་ལ་ང་ཚོ་བག་ལེབ་གཅོག་ཕྱིར་འཛོམས་པའི་ཚེ། པའུ་ལུས་དེ་ཚོ་དང་གསུང་གླེང་མཛད་ཅིང་། དེའི་སང་ཉིན་ཕེབས་པར་དགོངས་པས། མཚན་ཕྱེད་བར་དུ་གླེང་ཞིང་བཞུགས་སོ། ༨ ང་ཚོ་མཛོམས་པའི་སྟེང་ཁང་དེ་ནང་མར་མེ་མང་པོ་སྤར་ཡོད་དོ། ༩ ཨེའུ་ཏི་ཀུ་བྱ་བའི་གཞོན་ནུ་ཞིག་དཀར་ཁུང་གི་ཟུར་ལ་བསྡད་ཡོད་དོ། པའུ་ལུས་ཡུན་རིང་པོར་གླེང་བས་ཁོ་གཉིད་ལྕི་བས་མནན་ཏེ་གསུམ་ཐོག་ནས་སར་ལྷུང་སྟེ་ཤིའོ། ༡༠ པའུ་ལུ་མར་ཕེབས་ནས་རོ་ལ་འཁྱུད་ཅིང་མི་ཚོ་ལ། མ་འཇིགས་ཤིག་ཁོའི་ནང་སྲོག་ཡོད་དོ་གསུངས་སོ། ༡༡ དེ་ནས་སྟེང་དུ་ཕེབས་ནས་བག་ལེབ་བཅག་སྟེ་བཞེས་ནས། ཡུན་རིང་པོའི་བར་དུ་གསུང་གླེང་མཛད་ཅིང་ནམ་ལངས་པ་དང་ཡུལ་དེ་ནས་བཞེངས་སོ། ༡༢ ཁྱེའུ་དེ་གསོན་པས་དེ་ཚོའི་སེམས་བདེའོ༎
༡༣ པའུ་ལུས་ཁོང་རང་ཞབས་ཐང་ལ་ཕེབས་པར་དགོངས་ཤིང་། ང་ཚོ་ཨ་སུ་བར་དུ་སྔོན་ལ་ཆུ་ཐོག་ཏུ་སོང་བས། དེ་ནས་པའུ་ལུས་ང་ཚོ་མཉམ་གྲུར་ཞུགས་པའི་གྲབས་བྱས་སོ། ༡༤ ཨ་སུ་རུ་ཁོང་ང་ཚོའི་རྗེས་ཟིན་ནས་ཁོང་གྲུ་རུ་དྲངས་ཏེ་མི་ཏི་ལེ་ནེ་རུ་བསླེབས་སོ། ༡༥ དེ་ནས་ཆུ་ཐོག་ཏུ་དེའི་ཕྱི་ཉིན་ཀིའུ་ཡི་ཐད་ཀར་བསླེབས། དེའི་ཕྱི་ཉིན་ས་མོར་བསླེབས། དེའི་ཕྱི་ཉིན་མི་ལེ་ཏུ་རུ་བསླེབས་སོ། ༡༦ བསླེབས་ཐུབ་ན་ཉི་མ་ལྔ་བཅུ་པའི་དུས་ཆེན་ལ་ཡེ་རུ་ཤ་ལེམ་དུ་ཕེབས་པར་རིངས་ནས། པའུ་ལུ་་ཨ་སི་ཨ་རུ་མི་འགོར་བའི་ཕྱིར་ཨེ་ཕེ་སུ་འབོར་ནས་ཕེབས་པར་ཐུགས་ཐག་བཅད་དོ༎
༡༧ ཨེ་ཕེ་སུའི་ཆོས་ཚོགས་ཀྱི་རྒན་མི་རྣམས་ལ་ལོན་མངགས་ནས་མི་ལེ་ཏུ་རུ་བོས་ནས། ༡༨ དེ་ཚོ་བསླེབས་པ་དང་ཁོང་གིས་འདི་སྐད་དུ། ང་ཨ་སི་ཨ་རུ་གོམ་པ་བརྒྱབས་པའི་ཉིན་མོ་ནས་བཟུངས་ཁྱེད་མཉམ་རྒྱུན་དུ་ཇི་ལྟར་གནས་པ་དང་། ༡༩ དམན་ཆ་བཟུང་ཞིང་མཆི་མ་བླུག་སྟེ། ཡ་ཧུ་དཱ་པའི་ངན་གྲོས་ཀྱིས་ཕོག་པའི་ཚོད་ལྟ་ཐེག་ཅིང་གཙོ་བོའི་ཞབས་ཏོག་བྱས་པ་དང་། ༢༠ ཁྱེད་ལ་ཕན་ཐོགས་པ་རྣམས་བཤད་པ་ལ་མ་འཛེམ་པར་མི་ཚོགས་དང་ཁང་པ་རེ་རེར་ཆོས་བསྟན་པ་དང་། ༢༡ ཡ་ཧུ་དཱ་པ་དང་ཧེལ་ལེན་པ་གཉིས་པོར་དཀོན་མཆོག་གི་ཕྱོགས་སུ་སེམས་སྒྱུར་བ་དང་ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་ལ་དད་པར་དགོས་པའི་དཔང་པོ་བྱས་པ་རྣམས་ཁྱེད་རང་གིས་ཤེས་སོ། ༢༢ ད་ང་ཐུགས་ཉིད་ཀྱིས་འཁྲིད་དེ་ཡེ་རུ་ཤ་ལེམ་དུ་འགྲོ་སྟེ། དེར་ཅི་འབྱུང་མི་ཤེས་ཀྱང་། ༢༣ གྲོང་ཁྱེར་རེ་རེར་དམ་པའི་ཐུགས་ཉིད་ཀྱིས་ངའི་ཕྱིར་བཙོན་དང་སྡུག་བསྔལ་ཡོད་པ་རྣམས་མངོན་པར་མཛད་པ་འབའ་ཞིག་ཤེས་སོ། ༢༤ འོན་ཀྱང་གལ་ཏེ་གཙོ་བོ་ཡེ་ཤུ་ལས་ཐོབ་པའི་དཀོན་མཆོག་གི་ཐུགས་རྗེའི་ཕྲིན་བཟང་གི་ཞབས་ཏོག་དང་ལས་དོན་བསྒྲུབ་ན། རང་གི་སྲོག་ལ་གཅེས་པར་མི་འཛིན་ཞིང་ཅིའང་མི་རྩིའོ༎
༢༥ གང་གི་ཁྲོད་དུ་ངས་རྒྱལ་སྲིད་ཀྱི་ཆོས་བཤད་ཅིང་རྒྱུ་བ་ཁྱེད་ཚོས་ཕྱིན་ཆད་ངའི་གདོང་མཐོང་བར་མི་འགྱུར་བ་ངས་ཤེས་སོ། ༢༦-༢༧ དེའི་ཕྱིར་དཀོན་མཆོག་གི་དགོངས་པ་ཐམས་ཅད་ཁྱེད་ཚོར་བཤད་པ་ལ་ང་མ་བྱོལ་པས། ཁྱེད་ལ་བཀའ་ཆད་འཕོག་ན་ང་ལ་ཁག་མེད་ཅེས་དེ་རིང་ཟེར་རོ། ༢༨ ཉིད་ཀྱི་སྐུ་ཁྲག་གི་རིན་གྱིས་བླུས་པའི་གཙོ་བོའི་ཆོས་ཚོགས་སྐྱོང་བའི་ཕྱིར། ཐུགས་ཉིད་ཀྱིས་ཁྱེད་ཚོ་དོ་དམ་པར་བསྐོས་པས། ཁྱེད་ཅག་རང་དང་ཁྱུ་ཐམས་ཅད་སྲུངས་ཤིག ༢༩ ང་སོང་བའི་རྗེས་སུ་སྤྱང་ཀུ་དྲག་པོ་རྣམས་ཁྱེད་ཀྱི་ནང་དུ་འཛུལ་ཞིང་ལུག་ཁྱུར་སྙིང་རྗེ་མི་བྱ་བ་དང་། ༣༠ ཁྱེད་ཅག་རང་གི་ནང་ནས་ཉེ་གནས་རྣམས་སོ་སོར་འཁྱེར་བའི་ཕྱིར་དུ་ལོག་པའི་གཏམ་བྱེད་པའི་མིའང་འཐོན་པར་འགྱུར་བ་ངས་ཤེས་སོ། ༣༡ དེའི་ཕྱིར་ངས་ལོ་གསུམ་ཉིན་མཚན་མེད་པར་མཆི་མ་དང་བཅས་ཁྱེད་རེ་རེ་ལ་བསྐུལ་བ་དེ་དྲན་ཞིང་བྱ་ར་བྱོས་ཤིག ༣༢ ད་ཁྱེད་ཡར་བཞེང་བ་དང་དམ་པར་གྱུར་པ་རྣམས་ཀྱི་ཁྲོད་དུ་ནོར་སྐལ་གནང་ནུས་པའི་དཀོན་མཆོག་དང་ཁོང་གི་ཐུགས་རྗེའི་བཀའ་ལ་ཁྱེད་གཏོད་དོ། ༣༣ ངས་སུའི་དངུལ་ལམ་གསེར་རམ་གོས་ལ་ཧམ་པ་མ་བྱས་པས། ༣༤ ང་དང་མཉམ་ཡོད་པ་ཚོའི་དགོས་པ་ལག་པ་འདི་གཉིས་ཀྱིས་འབད་པ་ཁྱེད་ཚོས་ཤེས་སོ། ༣༥ གཙོ་བོ་ཡེ་ཤུ་ཁོང་ཉིད་ཀྱིས་ལེན་པ་བས་སྦྱིན་པ་བདེའོ་ཞེས་གསུངས་པ་དྲན་ཞིང་། ལས་བྱེད་ཅིང་རྒུད་པོ་ལ་གྲོགས་བྱེད་པའི་དཔེ་གང་ས་ནས་བསྟན་པ་ཡིན།