༢༡
དེ་རྣམས་དང་གྱེས་ནས་ང་ཚོ་གྲུའི་ནང་ཞུགས་ཏེ་ལམ་ཐད་ཀ་ནས་ཀོས་དང་། དེའི་ཕྱི་ཉིན་རོ་དེས་དང་། དེ་ནས་ཕ་ཏ་རཱ་རུ་བསླེབས་སོ། ༢ དེར་ཕེ་ནི་ཀེ་རུ་ཤར་རེ་འགྲོ་བའི་གྲུ་ཞིག་ཐོབ་ནས་ང་ཚོ་དེར་ཞོན་ནས། ༣ སིབ་རུས་མཐོང་སར་བསླེབས་ཤིང་དེ་གཡོན་ཕྱོགས་སུ་བཞག་ནས་སི་རི་ཡཱ་རུ་སོང་སྟེ། ཚོར་བྱ་བར་གྲུའི་ཟོང་འདོན་དགོས་པས་དེར་གྲུ་ལས་བབས་སོ། ༤ ཉེ་གནས་རྣམས་བཙལ་ནས་དེར་ཞག་བདུན་བསྡད་དོ། དེ་ཚོས་ཐུགས་ཉིད་ཀྱི་ངང་ནས་པའུ་ལུ་་ཡེ་རུ་ཤ་ལེམ་དུ་མ་ཕེབས་ཤིག་ཞུས་ཀྱང་། ༥ ཞག་དེ་ཚང་ནས་ང་ཚོ་ལམ་དུ་ཞུགས་པ་ལས། དེ་ཚོ་རང་གི་ཆུང་མ་དང་ཕྲུ་གུ་དང་བཅས་པས་གྲོང་ཁྱེར་གྱི་ཕྱི་རོལ་བར་དུ་ང་ཚོ་ལ་སྐྱེལ་མ་བྱས་ནས། རྒྱ་མཚོའི་འགྲམ་དུ་པུས་མོ་ས་ལ་བཙུགས་ཤིང་སྨོན་ལམ་བཏབ་བོ། ༦ དེ་ནས་ཕན་ཚུན་ཕྱི་ཕྱག་འཚལ་ནས་ང་ཚོ་གྲུའི་ནང་དུ་ཞུགས་ཤིང་དེ་ཚོ་ཁྱིམ་དུ་ཕྱིར་ལོག་གོ།༧ ཚོར་ནས་པེ་ཏོ་ལེ་མཱར་བསླེབས་ཏེ་སྤུན་རྣམས་ལ་ཕྱག་བྱས་ཤིང་། ཞག་གཅིག་དེ་ཚོ་དང་མཉམ་དུ་བསྡད་དོ། ༨ དེའི་སང་ཉིན་ཕྱིན་ཏེ་ཀེ་སར་ཡཱ་རུ་བསླེབས་ནས་ཆུ་ཐོག་གི་འགྲུལ་ཟིན་ཏོ། དེར་ཆོས་བཤད་མཁན་བདུན་པོའི་ནང་ནས་ཕི་ལིབ་ཀྱི་ཁྱིམ་དུ་ཞུགས་ཤིང་ཁོ་དང་མཉམ་དུ་བསྡད་དོ། ༩ ཁོ་ལ་མངོན་ཤེས་དང་ལྡན་པའི་བུ་མོ་ན་ཆུང་མ་བཞི་ཡོད་དོ། ༡༠ ང་ཚོ་དེར་ཞག་ཁ་ཤས་བསྡད་པའི་ཚེ། ལུང་སྟོན་པ་ཨ་ག་བུ་བྱ་བ་ཞིག་ཡ་ཧུ་དཱ་ནས་དེར་བསླེབས་ཏེ། ༡༡ ང་ཚོའི་རྩར་འོངས་ཏེ་པའུ་ལུའི་སྐུ་རགས་བླངས་ནས། ཁོ་རང་གི་རྐང་ལག་བཅིངས་ཏེ། འདི་སྐད་དུ། སྐ་རགས་འདིའི་བདག་པོ་ནི་ཡ་ཧུ་དཱ་པས་ཡེ་རུ་ཤ་ལེམ་དུ་འདི་ལྟར་བཅིངས་ཏེ་ཕྱི་པའི་ལག་ཏུ་གཏད་པར་འགྱུར་ཞེས་དམ་པའི་ཐུགས་ཉིད་ཀྱིས་གསུང་ངོ་ཞེས་སྨྲས་པ་ཐོས་ནས། ༡༢ ང་ཚོ་དང་ཡུལ་དེའི་མི་ཚོས་ཁོང་ཡེ་རུ་ཤ་ལེམ་དུ་མི་ཕེབས་པའི་ཕྱིར་ཞུས་སོ། ༡༣ པའུ་ལུས་བཀའ་ལན་དུ། ཁྱེད་ངུ་ཞིང་ངའི་སྙིང་གས་པར་བྱེད་པ་དེ་ཅི་ཡིན། ང་ནི་གཙོ་བོ་ཡེ་ཤུའི་མཚན་གྱི་དོན་དུ་འཆིང་བར་འགྱུར་བ་མ་ཟད་ཡེ་རུ་ཤ་ལེམ་དུ་སྲོག་གཏོང་བ་ལའང་གྲལ་སྒྲིག་ཡོད་གསུངས་པས། ༡༤ ཐུགས་བསམ་དེ་ལས་ཁོང་བཟློག་མ་ནུས་པས། གཙོ་བོའི་དགོངས་པ་བཞིན་དུ་གྱུར་ཅིག་ཅེས་སྨྲས་ནས་ཁ་རོག་བསྡད་དོ། ༡༥ དེའི་རྗེས་སུ་ང་ཚོས་ལམ་ཆས་རྣམས་བསྒྲིགས་ནས་ཡེ་རུ་ཤ་ལེམ་དུ་སོང་ངོ་། ༡༦ ཀེ་སར་ཡཱ་ནས་ཉེ་གནས་ཁ་ཤས་ཀྱང་ང་ཚོ་མཉམ་འོངས་ནས། བྲང་ས་ལ་སྔོན་གྱི་ཉེ་གནས་ཡིན་པའི་སིབ་རུས་པ་མ་ན་སོན་གྱི་ཁྱིམ་དུ་ཁྲིད་དོ༎
༡༧ ང་ཚོ་ཡེ་རུ་ཤ་ལེམ་དུ་བསླེབས་པ་དང་། སྤུན་ཚོས་ང་ཚོར་དགའ་བཞིན་དུ་བསུས་བྱུང་། ༡༨ དེའི་སང་ཉིན་པའུ་ལུ་ང་ཚོ་དང་བཅས་ཡ་ཀོབ་ཀྱི་རྩར་ཕེབས་ནས། རྒན་མི་ཐམས་ཅད་དེར་འཛོམས་སོ། ༡༩ དེ་ཚོར་ཕྱག་མཛད་ནས། ཉིད་ཀྱི་ཞབས་ཏོག་གི་སྒོ་ནས་ཕྱི་པའི་ནང་དུ་དཀོན་མཆོག་གིས་ཇི་མཛད་པ་རྣམས་རིམ་བཞིན་དུ་ཞུས་སོ། ༢༠ ཁོང་ཚོས་དེ་གསན་ནས་དཀོན་མཆོག་ལ་བསྟོད་བསྔགས་ནས་ཁོང་ལ། ཡ་ཧུ་དཱ་པའི་ནང་ནས་ཁྲི་ཁྲག་འདི་ཙམ་ཞིག་དད་པར་གྱུར་པ་སྤུན་ཁྱེད་ཀྱིས་གཟིགས་སོ། དེ་ཐམས་ཅད་བཀའ་ཁྲིམས་ལ་བརྩོན་པ་ཤ་སྟག་གོ། ༢༡ ཁྱེད་ཀྱིས་ཕྱི་པའི་ཁྲོད་ཀྱི་ཡ་ཧུ་དཱ་པ་རྣམས་ལ། བུའི་མདུན་ལྤགས་མ་གཅོད་དང་། མོ་ཤེའི་ཁྲིམས་བཞིན་མ་འགྲུལ་ཞེས་ཟེར་ཞིང་། མོ་ཤེ་སྤང་བའི་བསླབ་བྱ་གཏོང་ངོ་ཞེས་དེ་ཚོས་ཐོས་འདུག་པས། ༢༢ ཁྱེད་འདིར་བསླེབས་པ་དེ་ཚོས་ཚོར་ངེས་པས་ང་ཚོས་ཅི་བྱ། ༢༣ དེའི་ཕྱིར་ང་ཚོས་སྨྲ་བ་བཞིན་དུ་མཛོད་ཅིག འདིར་དམ་བཅའ་བླངས་པའི་མི་བཞི་ཡོད། ༢༤ དེ་ཚོ་འཁྲིད་ལ་ཁྱེད་ཀྱང་གཙང་སྦྲ་བྱེད་ཅིང་དེ་ཚོའི་སྐྲ་འབྲེག་པའི་གཏོང་སྒོའང་གནོང་ཞིག དེ་ནས་ཐམས་ཅད་ཀྱིས་ཁྱེད་ཀྱི་སྐོར་དུ་ཐོས་པའི་གཏམ་རྣམས་འཆོལ་བ་ཡིན་པ་མ་ཟད། ཁྱེད་ཀྱང་བཀའ་ཁྲིམས་སྲུང་བ་ཤེས་པར་འགྱུར་རོ། ༢༥ དད་པར་གྱུར་པའི་ཕྱི་པ་རྣམས་ལ། ཁྲག་དང་། དབུགས་བསུབས་པའི་ཤ་དང་། སྐུ་འདྲ་ལ་ཕུལ་བའི་རྫས་དང་། ལོག་གཡེམ་སྤོང་དགོས་སོ་ཞེས་ཐག་བཅད་ནས་ཡི་གེ་བཏང་བ་ཡིན་ཅེས་གསུངས་སོ། ༢༦ དེ་ནས་པའུ་ལུས་མི་དེ་རྣམས་ཁྲིད་དོ། དེའི་སང་ཉིན་དེ་རྣམས་དང་མཉམ་དུ་གཙང་སྦྲའི་བྱ་བ་མཛད་ཅིང་མཆོད་ཁང་དུ་ཕེབས་ནས། རེ་རེའི་ཕྱིར་དུ་མཆོད་པ་དབུལ་བ་དང་། གཙང་སྦྲ་འགྲུབ་པའི་ཞག་གི་གནས་ཚུལ་གནང་ངོ་༎
༢༧ ཞག་བདུན་ཚང་ལ་ཁད་ལ་ཨ་སི་ཨ་ནས་ཡིན་པའི་ཡ་ཧུ་དཱ་པ་ཚོས་ཁོང་མཆོད་ཁང་ན་མཐོང་ནས། ༢༨-༢༩ སྔོན་དུ་གྲོང་ཁྱེར་ན་པའུ་ལུ་་ཨེ་ཕེ་སུ་པ་ཏྲོ་ཕི་མུ་དང་མཉམ་དུ་མཐོང་བས། མི་དེ་པའུ་ལུས་མཆོད་ཁང་དུ་ཁྲིད་པ་ཡིན་བསམས་པས། མི་ཚོགས་དཀྲུགས་ནས། སྐད་ཆེན་པོས། ཨིས་ར་ཨེལ་པ་རྣམས་རོགས་བྱོས་ཤིག ཡུལ་ཀུན་ཏུ་མི་ཐམས་ཅད་ལ་བསླབ་ཅིང་། ང་ཚོའི་མི་སྡེ་དང་བཀའ་ཁྲིམས་དང་གནས་འདི་ལ་དགྲ་བྱེད་པའི་མི་འདི་ཡིན། དེ་མ་ཟད་ཁོས་ཧེལ་ལེན་པ་མཆོད་ཁང་གི་ནང་དུ་ཁྲིད་དེ་གནས་དམ་པ་འདི་མི་གཙང་བར་བྱས་སོ་སྨྲ་ཞིང་ཁོང་བཟུང་ངོ་། ༣༠ གྲོང་ཁྱེར་ཡོངས་འཁྲུགས་ནས། མི་ཚོགས་ལྷན་ཅིག་ཏུ་བརྒྱུག་ཅིང་པའུ་ལུ་བཟུང་ནས། མཆོད་ཁང་གི་ཕྱི་རོལ་དུ་དྲུད་དེ་འཕྲལ་དུ་སྒོ་རྣམས་རྒྱབ་བོ། ༣༡ པའུ་ལུ་གསོད་པར་བརྩམ་པའི་ཚེ། དམག་མིའི་སྟོང་དཔོན་ལ་ཡེ་རུ་ཤ་ལེམ་ཡོངས་འཁྲུགས་པའི་ལོན་བསླེབས་ཏེ། ༣༢ འཕྲལ་དུ་དམག་མི་དང་བརྒྱ་དཔོན་རྣམས་ཁྲིད་ནས་དེ་ཚོའི་རྩར་བརྒྱུགས་སོ། སྟོང་དཔོན་དང་དམག་མི་མཐོང་ནས་པའུ་ལུ་ལ་བརྡུང་འཕྲོ་བཅད་དོ། ༣༣ སྟོང་དཔོན་འོངས་ནས་པའུ་ལུ་བཟུང་སྟེ་ལྕགས་སྒྲོག་གཉིས་ཀྱིས་འཆིང་བའི་བཀའ་སྩལ་ནས། མི་འདི་སུ་ཡིན། ཉེས་པ་ཅི་བྱས་ཞེས་དྲིས་པ་དང་། ༣༤ མི་ཚོགས་ཀྱི་ནང་ནས་ལ་ལས་སྐད་ཆེན་པོས་གཏམ་གཅིག་སྨྲས། ལ་ལས་ཡང་གཏམ་གཅིག་སྨྲས་པས། ཀུ་སྒྲའི་རྐྱེན་གྱིས་རྒྱུ་ངེས་པར་མ་ཤེས་ཏེ། ཁོ་རྫོང་དུ་ཁྲིད་ཅིག་ཅེས་བསྒོས་སོ། ༣༥-༣༦ ཁོང་ཚོའི་རྒྱབ་ནས་མི་ཚོགས་ཀྱིས་མི་དེ་མེད་པར་བྱོས་ཞེས་ཀུ་སྒྲ་བྱེད་ཅིང་འཚངས་པས། པའུ་ལུ་ཐེམ་སྐས་ཀྱི་འགྲམ་དུ་བསླེབས་པའི་ཚེ། དམག་མིས་ཁོང་འཁུར་དགོས་སོ༎
༣༧ རྫོང་ནང་བཅུག་ལ་ཁད་དུ་ཁོང་གིས་སྟོང་དཔོན་ལ། ཁྱེད་ལ་ཇི་ཞིག་ཞུ་བར་རུང་ངམ་གསུངས་པ་དང་། དེས་ཁྱོད་ཀྱིས་ཧེལ་ལེན་སྐད་ཤེས་སམ། ༣༨ ཉེ་ཆར་ངོ་ལོག་ལང་ཞིང་འབྲོག་སྟོང་ན་མི་གསད་བཞི་སྟོང་ཁྲིད་པའི་མི་སེར་པ་དེ་ཁྱོད་མ་ཡིན་ནམ་སྨྲས་སོ། ༣༩ པའུ་ལུས་ལན་དུ། ང་ནི་ཀི་ལིག་ཡུལ་གྱི་གྲོང་ཁྱེར་གྲགས་པ་ཅན་ཏར་སུ་རུ་གནས་པའི་ཡ་ཧུ་དཱ་པ་ཡིན་ནོ། མི་ཚོགས་ལ་གཏམ་ཞིག་བྱེད་པའི་གནང་བ་ཞུའོ་གསུངས་པས། ༤༠ སྟོང་དཔོན་གྱིས་གནང་སྟེ། པའུ་ལུ་ཐེམ་སྐས་ཀྱི་ཁར་བཞེངས་ནས་མི་ཚོགས་ལ་ཕྱག་བརྡ་མཛད་པ་དང་། ཐམས་ཅད་ཁ་རོག་བསྡད་དོ། ཁོང་གིས་ཨིབ་རིའི་སྐད་དུ་གསུངས་སོ༎