༢༢
ཡབ་དང་སྤུན་རྣམས། ངས་ཁྱེད་ཚོའི་དྲུང་བཤད་པའི་རྒྱུ་རྐྱེན་ལ་གསན་པར་མཛོད་གསུངས་པ་དང་། ༢ ཁོང་གིས་ཨིབ་རིའི་སྐད་དུ་གསུང་བ་དེ་རྣམས་ཀྱིས་ཐོས་ནས་ལྷག་པར་ཅ་ཅོ་མེད་པར་གྱུར་ཏོ། ༣ ཁོང་གིས་གསུངས་པ། ང་ནི་ཡ་ཧུ་དཱ་པ་ཡིན་ཏེ། ཀི་ལིག་ཡུལ་གྱི་གྲོང་ཁྱེར་ཏར་སུ་རུ་སྐྱེས་ནས། རྒྱལ་ས་དེ་རུ་སྐྱེད་སྲིངས་ཏེ། ག་མ་ལི་ཨེལ་གྱི་ཞབས་དྲུང་དུ་ང་ཚོའི་ཕ་མེས་ཀྱི་ཆོས་ཁྲིམས་དམ་པོ་བཞིན་དུ་བསླབས་ཤིང་། ཁྱེད་ཐམས་ཅད་དེ་རིང་དཀོན་མཆོག་གི་ཆོས་ལ་བརྩོན་པ་བཞིན་ངས་ཀྱང་བརྩོན་པ་ཡིན། ༤ ངས་ལམ་འདི་ལ་འཚེ་ཞིང་སྐྱེས་པ་དང་བུད་མེད་རྣམས་བཅིངས་ཏེ་བཙོན་དུ་བཅུག་པ་མ་ཟད་བསད་བཅུག་པའང་ཡིན། ༥ བླ་ཆེན་དང་རྒན་མི་ཐམས་ཅད་ངའི་དཔང་པོ་ཡིན། ངས་ཁོང་ཚོ་ནས་ད་མཱ་སེག་གི་སྤུན་ཚོའི་མིང་དུ་ཡི་གེ་བླངས་ཏེ། དེར་གནས་བ་རྣམས་བཅིངས་ནས། ཆད་པ་གཅོད་པའི་ཕྱིར་ཡེ་རུ་ཤ་ལེམ་དུ་འཁྲིད་པའི་དོན་དུ་ད་མཱ་སེག་ཏུ་སོང་བ་ཡིན།༦ ད་མཱ་སེག་དང་ཉེ་བར་བསླེབས་ཙ་ན། ཉིན་གུང་ཙམ་ལ་གློ་བུར་དུ་ངའི་ཕྱོགས་བཞིར་ནམ་མཁའ་ལས་འོད་ཆེན་པོ་ཤར་བས། ༧ ང་ས་ལ་གྱེལ་བ་དང་། སྒྲ་ཞིག་གིས། ཤ་ཨུལ། ཤ་ཨུལ། ཁྱོད་ཀྱིས་ང་ལ་ཅིའི་ཕྱིར་འཚེ་ཞེས་གསུངས་པ་ཐོས་སོ། ༨ ངས་ཁྱེད་སུ་ལགས་ཞུས་པ་དང་། ང་ནི་ཁྱོད་ཀྱིས་འཚེ་བའི་ན་ཙཱ་རེད་པ་ཡེ་ཤུ་དེ་ཡིན་ནོ་ཞེས་གསུངས་སོ། ༩ ངའི་ལམ་གྲོགས་ཚོས་འོད་དེ་མཐོང་ཡང་ང་ལ་གསུང་མཁན་གྱི་གསུང་དེ་མ་ཐོས་སོ། ༡༠ གཙོ་བོ་ངས་ཅི་བྱ་ཞུས་པ་དང་། གཙོ་བོས་ང་ལ། ལོངས་ལ་ད་མཱ་སེག་ཏུ་སོང་ཞིག་དང་། དེར་ཁྱོད་ཀྱིས་ཅི་བྱེད་དགོས་པ་བསྟན་པར་འགྱུར་ཞེས་གསུངས་བྱུང་། ༡༡ འོད་དེའི་གཟི་བརྗིད་ཀྱིས་ངའི་མིག་མཐོང་མི་ནུས་པར་གྱུར་པས། ལམ་གྲོགས་ཚོས་ངའི་ལག་པ་ནས་ཁྲིད་དེ་ད་མཱ་སེག་ཏུ་བསླེབས་སོ། ༡༢ བཀའ་ཁྲིམས་བཞིན་དུ་ཆོས་པ་དང་། དེར་གནས་པའི་ཡ་ཧུ་དཱ་པ་ཐམས་ཅད་ཀྱིས་བསྟོད་པའི་སྐྱེས་བུ་ཨ་ནན་ཡཱ་བྱ་བ་ཞིག་བྱོན་ནས། ༡༣ ངའི་རྩར་བཞེངས་ཏེ་ང་ལ། སྤུན། ཤ་ཨུལ། ཁྱོད་ཀྱི་མིག་གཉིས་མཐོང་བར་གྱུར་ཅིག་ཅེས་གསུངས་མ་ཐག་ཏུ་ངས་ཁོང་མཐོང་བ་དང་། ༡༤ ཁོང་གིས་ང་ལ། ང་ཚོའི་ཕ་མེས་ཀྱི་དཀོན་མཆོག་གིས་ཁོང་རང་གི་ཐུགས་དགོངས་རྟོགས་ཤིང་། སྐྱེས་བུ་དྲང་པོ་དེ་མཇལ་ཏེ། ཁོང་གི་ཞལ་ནས་གསུང་ཐོས་པའི་ཕྱིར་ཁྱོད་བསྐོས་པར་མཛད་དོ། ༡༥ ཁྱོད་ནི་གང་མཐོང་བ་དང་ཐོས་པའི་སྐོར་མི་ཐམས་ཅད་ལ་ཁོང་གི་དཔང་པོ་བྱེད་མཁན་ཡིན་པས། ༡༦ ད་ཅི་ལ་འགོར་བར་བྱེད། ལོངས་ལ་ཁྲུས་གསོལ་བླངས་ནས། ཁོང་གི་མཚན་བརྗོད་ཅིང་ཁྱོད་ཀྱི་སྡིག་པ་རྣམས་ཁྲུས་ཤིག་གསུངས་བྱུང་།
༡༧ དེའི་རྗེས་སུ་ང་ཡེ་རུ་ཤ་ལེམ་དུ་ལོག་འོངས་ནས། མཆོད་ཁང་ན་སྨོན་ལམ་འདེབས་པས། སེམས་མཉམ་བཞག་གི་ངང་ནས། ༡༨ ངས་གཙོ་བོ་མཇལ་ཏེ་ཁོང་གིས། ཁྱོད་ཀྱིས་ང་ལ་དཔང་པོ་བྱེད་པར་འདི་ཚོས་མི་བརྩི་བས། མྱུར་དུ་ཡེ་རུ་ཤ་ལེམ་ནས་ཐོན་ཏེ་སོང་གསུངས་པ་དང་། ༡༩ གཙོ་བོ་ལགས། ཁྱེད་ལ་དད་པ་བྱེད་མཁན་ཚོར་ངས་འདུ་ཁང་དག་ནང་བརྡུང་ཞིང་བཙོན་དུ་བཅུག་པ་དང་། ༢༠ ཁྱེད་ཀྱི་དཔང་པོ་སེ་ཏེ་ཕན་བཀྲོངས་སྐབས་སུ་ངའང་དེར་ཡོད་ཅིང་ཁ་འཆམ་སྟེ། ཁོང་གསོད་མཁན་རྣམས་ཀྱི་གོས་སྲུངས་པ་དེ་ཚོས་ཤེས་སོ་ཞུས་པས། ༢༡ ཁོང་གིས། སོང་ཞིག ངས་ཁྱོད་རིང་པོར་ཕྱི་པ་རྣམས་ཀྱི་རྩར་རྫོང་བར་བྱ་ཞེས་བཀའ་སྩལ་ཏོ་ཞེས་གསུངས་སོ༎
༢༢ མི་རྣམས་ཀྱིས་ཚིག་དེ་དག་གསུང་བའི་བར་དུ་ཉན་ནས། དེ་ནས་སྐད་ཆེན་པོས། མི་འདི་འདྲ་ཞིག་གསོན་པོར་བཞག་མི་འོས་པས། གསོད་ཅིག ༢༣ ཅེས་འབོད་བསྒྲགས་ཤིང་། རང་གི་གོས་རྣམས་གཡབ་ཅིང་ཐལ་བ་གཏོར་བ་དང་། ༢༤ སྟོང་དཔོན་གྱིས། མི་འདི་རྫོང་དུ་ཁྲིད་ལ་རྟ་ལྕག་ཞུས་ནས། མི་ཚོས་ཀུ་སྒྲ་འདི་འདྲ་བྱེད་པའི་རྒྱུ་ཅི་ཡིན་དྲིས་ཤིག་ཅེས་བསྒོས་སོ། ༢༥ དེ་ཚོས་རྟ་ལྕག་གཞུ་ཕྱིར་ཁོང་བཅིངས་པ་དང་། པའུ་ལུས་མདུན་དུ་ཡོད་པའི་བརྒྱ་དཔོན་ལ། ཉེས་པ་མ་བརྟག་པར་རོ་མཱ་པའི་མི་རྩ་ཞིག་ལ་རྟ་ལྕག་གཞུ་ཆོག་གམ། ༢༦ ཞེས་གསུངས་པ་བརྒྱ་དཔོན་གྱིས་ཐོས་པས་སྟོང་དཔོན་གྱི་རྩར་སོང་ནས། མི་འདི་ནི་རོ་མཱ་པའི་མི་རྩ་ཡིན་པས་ཁྱེད་ཀྱིས་ཅི་མཛད་སྨྲས་པ་དང་། ༢༧ སྟོང་དཔོན་འོངས་ཏེ། ཁྱོད་རོ་མཱ་པའི་མི་རྩ་ཡིན་ནམ་ཤོད་ཅིག་ཞུས་པས། ཁོང་གིས་ང་ཡིན་གསུངས་སོ། ༢༨ སྟོང་དཔོན་གྱིས་ངས་དངུལ་མང་པོ་བཅལ་ནས་རོ་མཱ་པའི་མི་རྩ་གྱུར་པ་ཡིན་ཞུས་པས། པའུ་ལུས་ང་སྐྱེས་དུས་ནས་ཡིན་གསུངས་སོ། ༢༩ དེ་མ་ཐག་ཏུ་ཁོང་ལ་བརྡུང་བར་བརྩམ་པ་རྣམས་སོང་ངོ་། སྟོང་དཔོན་ཡང་ཁོང་རོ་མཱ་པའི་མི་རྩ་ཡིན་པར་ཤེས་ནས་བཅིངས་པ་དེ་ལ་འཇིགས་སོ༎
༣༠ དེའི་སང་ཉིན་ཡ་ཧུ་དཱ་པས་ཁོང་ལ་སྐྱོན་བཏགས་པའི་རྒྱུ་མཚན་བརྟག་པར་འདོད་དོ། ཁོང་བཀྲོལ་ནས། བླ་ཆེན་དང་གྲོས་མི་ཐམས་ཅད་འཛོམ་ཕྱིར་བསྐོས་ནས། པའུ་ལུ་དེར་ཁྱེར་ཏེ། དེ་ཚོའི་མདུན་དུ་བཞག་གོ།