༢༣
པའུ་ལུས་གྲོས་མི་རྣམས་ལ་སྤྱན་ཕུར་ཚུགས་སུ་གཟིགས་ནས། སྤུན་རྣམས། དེ་རིང་གི་བར་དུ་དཀོན་མཆོག་གི་ཞལ་ངོར་ངས་ཀུན་སློང་བཟང་པོར་སྤྱད་པ་ཡིན་གསུངས་པ་དང་།  བླ་ཆེན་ཨ་ནན་ཡཱས་ཁོང་གི་དྲུང་དུ་ཡོད་པ་ཚོར། ཁོའི་ཁར་བརྡུངས་ཤིག་བསྒོས་པ་དང་།  པའུ་ལུས། དཀར་རྩི་བསྐུས་པའི་རྩིག་པ་འདྲ་བར་ཁྱོད། ཁྱོད་ལ་དཀོན་མཆོག་གིས་བརྡུང་ཡོང་། བཀའ་ཁྲིམས་བཞིན་དུ་ངའི་ཞལ་ཆེ་གཅོད་པར་བསྡད་དེ། བཀའ་ཁྲིམས་དང་མི་མཐུན་པར་ང་ལ་རྡུང་བར་བསྒོའམ་གསུངས་སོ།  མདུན་ལ་ཡོད་པ་ཚོས་ཁྱོད་ཀྱིས་དཀོན་མཆོག་གི་བླ་ཆེན་ལ་སྨད་དམ་ཟེར་བས།  པའུ་ལུས་ངས་ཁོང་བླ་ཆེན་ཡིན་པར་མ་ཤེས། མི་སྡེའི་དཔོན་པོ་ལ་མ་སྨད་ཅེས་བྲིས་འདུག་གསུངས་སོ།  པའུ་ལུས་དེ་ཚོ་ཁག་གཅིག་སད་དུ་ཀི་པ་དང་ཁག་གཅིག་ཕ་རུ་ཤི་པ་ཡིན་པར་མཁྱེན་ཏེ། སྐད་ཆེན་པོས་གྲོས་མི་ཚོར་སྤུན་རྣམས། ང་ནི་ཕ་རུ་ཤི་པའི་བུ། ཕ་རུ་ཤི་པ་ཞིག་ཡིན། གཤིན་པོ་རྣམས་ལང་བའི་རེ་བའི་སྐོར་དུ་ང་ལ་རྩོད་པ་བྱེད་དོ།  ཞེས་གསུངས་པ་དང་། ཕ་རུ་ཤི་པ་དང་སད་དུ་ཀི་པའི་བར་ལ་མི་མཐུན་པ་བྱུང་སྟེ། ཚོགས་ནང་དབྱེན་པ་བྱུང་ངོ་།  སད་དུ་ཀི་པས་གཤིན་པོ་ལང་བ་དང་། ཕོ་ཉ་དང་། སེམས་ཉིད་མེད་ཟེར་རོ། ཕ་རུ་ཤི་པས་ཡོད་ཟེར་རོ།  ཅ་ཅོ་ཆེན་པོ་ལངས་ཏེ། ཕ་རུ་ཤི་པ་མཁན་པོ་རེ་ལངས་ནས་བརྩོད་པ་བྱེད་ཅིང་། ང་ཚོར་མི་འདིའི་ནང་སྐྱོན་ཅིའང་མི་རྙེད་དེ། སེམས་ཉིད་དམ་ཕོ་ཉས་གསུང་སྲིད་སྨྲས་སོ། ༡༠ དབྱེན་པ་དེ་དྲག་ཏུ་སོང་བ་དང་། པའུ་ལུ་ཚལ་བུར་གཏོང་ཉེན་འདུག་བསམས་ནས། སྟོང་དཔོན་གྱིས་དམག་མི་རྣམས་ལ། སོང་ལ་དེ་ཚོའི་དཀྱིལ་ནས་ཁོ་དབང་ཤུགས་ཀྱིས་ཁྱེར་ཏེ་རྫོང་དུ་ཁྲིད་ཅིག་ཅེས་བསྒོས་སོ༎
༡༡ དེའི་མཚན་ལ་ཁོང་གི་མདུན་དུ་གཙོ་བོ་བྱོན་ནས། སེམས་ལྷོད་དེར་སྡོད། ཁྱོད་ཀྱིས་ཡེ་རུ་ཤ་ལེམ་དུ་ང་ལ་དཔང་པོ་བྱས་པ་ལྟར། རོ་མཱ་རུའང་དཔང་པོ་བྱེད་དགོས་གསུངས་སོ༎
༡༢ ནམ་ལངས་ནས་ཡ་ཧུ་དཱ་པ་ཚོས། པའུ་ལུ་མ་བསད་པའི་བར་དུ་ཁ་ཟས་ཀྱང་མི་ཟ། ཆུའང་མི་འཐུང་ཞེས་མནའ་བསྐྱལ་ཏོ། ༡༣ གྲོས་ངན་འདི་བཤམས་པའི་མི་བཞི་བཅུ་ལྷག་གོ། ༡༤ དེ་ཚོས་བླ་ཆེན་དང་རྒན་མིའི་རྩར་སོང་ནས། པའུ་ལུ་མ་བསད་པའི་བར་དུ་ཅིའང་མི་ཟ་ཞེས་མནའ་བསྐྱལ་ནས་དམ་བཅའ་བྱས་པ་ཡིན། ༡༥ དེའི་ཕྱིར་ཁྱེད་དང་གྲོས་མི་ཚོས། མི་དེའི་རྒྱུ་རྐྱེན་ལ་ཞིབ་དཔྱོད་གཏོང་ཁུལ་བྱས་ཏེ་འདིར་འཁྲིད་དགོས་ཞེས་སྟོང་དཔོན་ལ་ལོན་སྐུར་བར་མཛོད་ཅིག ཁོ་འདིར་མ་བསླེབ་པའི་སྔོན་དུ་གསོད་པར་བྱའོ་ཞེས་ཟེར་ཏོ། ༡༦ པའུ་ལུའི་སྲིང་མོའི་བུས་དེ་ཚོ་འཇབ་ཡོད་པའི་གཏམ་ཐོས་པས། རྫོང་དུ་སོང་ནས་པའུ་ལུ་ལ་ཞུས་སོ། ༡༧ ཁོང་གིས་བརྒྱ་དཔོན་ཞིག་ལ། ཁྱེའུ་འདི་ལ་ཞུ་རྒྱུ་ཞིག་འདུག་པས། སྟོང་དཔོན་གྱི་དྲུང་དུ་ཁྲིད་ཅིག་གསུངས་པས། ༡༨ ཁོས་ཁྱེའུ་དེ་སྟོང་དཔོན་གྱི་རྩར་ཁྲིད་དེ། བཙོན་པ་པའུ་ལུས་ཁྱེའུ་འདི་ལ་ཞུ་རྒྱུ་ཞིག་འདུག་པས། ཁྱེད་ཀྱི་དྲུང་དུ་ཁྲིད་ཕྱིར་ཞུས་བྱུང་སྨྲས་པ་དང་། ༡༩ སྟོང་དཔོན་གྱིས་ཁྱེའུའི་ལག་པ་ནས་བཟུང་སྟེ་ཟུར་དུ་ཁྲིད་ཅིང་། ང་ལ་ལབ་རྒྱུ་ཡོད་པ་དེ་གང་ཡིན་ཞེས་ཕག་ཏུ་དྲིས་པས་དེས། ༢༠ ཡ་ཧུ་དཱ་པ་ཚོས་པའུ་ལུའི་རྒྱུ་རྐྱེན་སྐྱར་དུ་ཞིབ་དཔྱོད་གཏོང་ཁུལ་བྱས་ནས། སང་ཉིན་གྲོས་མིའི་དྲུང་དུ་འཁྲིད་ཕྱིར་ཁྱེད་ལ་ཞུ་བར་ཁ་འཆམ་པ་ཡིན། ༢༡ འོན་ཀྱང་དེ་ཚོ་ནས་མི་བཞི་བཅུ་ལས་ལྷག་པས། པའུ་ལུ་མ་བསད་པའི་བར་དུ་ཁ་ཟས་ཀྱང་མི་ཟ་ཆུ་ཡང་མི་འཐུང་བའི་མནའ་བསྐྱལ་ནས། ཁྱེད་ཀྱི་དགོངས་འཁྲོལ་གནང་བར་སྒུག་ཅིང་གྲལ་བསྒྲིག་འདུག་པས། དགོངས་པ་མི་གནང་བ་ཞུ་ཞེས་ཞུས་སོ། ༢༢ སྟོང་དཔོན་གྱིས་ང་ལ་ལོན་འཁྱེར་བ་དེ་སུ་ལའང་མ་འཆད་ཅེས་བསྒོས་ནས་ཁྱེའུ་བཏང་ངོ་༎
༢༣ དེ་ནས་བརྒྱ་དཔོན་གཉིས་བོས་ནས་དེ་དག་ལ། ཀེ་སར་ཡཱ་རུ་འགྲོ་བའི་ཕྱིར་ཕྱི་ཐོག་ཆུ་ཚོད་དགུ་པར་རྐང་དམག་ཉིས་བརྒྱ་དང་རྟ་དམག་བདུན་ཅུ་དང་། མདུང་པ་ཉིས་བརྒྱ་གྲབ་ཤོམས་ཤིག ༢༤ པའུ་ལུའི་ཕྱིར་ཞོན་པའང་བཤམས་ནས། དེ་བརྟན་པོར་སྤྱི་ཁྱབ་ཕེ་ལིག་གི་དྲུང་དུ་སྐྱོལ་ཞིག་ཅེས་བསྒོས་སོ། ༢༥ ཡང་ཞུ་ཡིག་འདི་བྲིས་སོ། ༢༦ མི་རྗེ་སྤྱི་ཁྱབ་ཕེ་ལིག་གི་དྲུང་དུ། ཀ་ལོ་དིའུ་ལི་སི་ཨ་ནས་ཕྱག་འབུལ་ལོ། ༢༧ མི་འདི་ཡ་ཧུ་དཱ་པས་བཟུང་སྟེ་གསོད་པར་བརྩམས་པ་ལས། ཁོ་རོ་མཱ་པའི་མི་རྩ་ཡིན་པར་ཐོས་ཏེ། ང་དམག་མི་དང་བཅས་པ་དེར་སོང་ཞིང་དེ་ཚོའི་ལག་ནས་བསྐྱབས་པ་ཡིན། ༢༨ དེ་རྣམས་ཀྱིས་སྙད་བཏགས་པའི་རྒྱུ་མཚན་རྟོགས་པར་འདོད་དེ་ཁོ་དེ་ཚོའི་གྲོས་ཚོགས་སུ་ཁྲིད་ནས། ༢༩ དེ་ཚོའི་ཆོས་ཁྲིམས་ཀྱི་སྐོར་ཞིག་མ་གཏོགས། གསོད་པའམ་བཙོན་དུ་འཇུག་པར་ཐུག་པའི་ཉེས་སྐྱོན་འགེལ་རྒྱུ་མེད་པར་ངས་ཤེས་སོ། ༣༠ ཁོ་གསོད་པའི་གྲོས་ངན་གྱི་ལོན་འབྱོར་འཕྲལ་དུ་ཁོ་ཁྱེད་ཀྱི་དྲུང་དུ་བཏང་ནས། སྐྱོན་འགེལ་མི་ཚོ་ལའང་ཁྱེད་ཀྱི་དྲུང་དུ་སོང་ལ་ཁོ་ལ་རྩོད་པ་རྒྱབ་དགོས་ཞེས་བསྒོས་པ་ཡིན། ཞེས་བྲིས་སོ༎
༣༡ སྟོང་དཔོན་གྱི་བཀའ་བཞིན་དམག་མི་རྣམས་ཀྱིས་པའུ་ལུ་མཚན་ལ་ཨན་ཏི་ཕཱ་ཏྲི་རུ་བསྐྱལ་ཏོ། ༣༢ དེའི་སང་ཉིན་རྟ་དམག་རྣམས་ཁོང་དང་མཉམ་དུ་འགྲོ་བའི་ཕྱིར་བཞག་ནས་གཞན་རྣམས་རྫོང་དུ་ལོག་གོ། ༣༣ རྟ་དམག་ཀེ་སར་ཡཱ་རུ་བསླེབས་པ་དང་། སྤྱི་ཁྱབ་ལ་ཞུ་ཡིག་དེ་དང་མཉམ་པའུ་ལུའང་ཕུལ་ཏོ། ༣༤ ཁོང་གིས་ཡི་གེ་དེ་བཀླགས་ནས་པའུ་ལུ་ལ་ཡུལ་གང་ནས་ཡིན་དྲིས་པ་དང་། ཀི་ལིག་ནས་ཡིན་པ་ཐོས་ནས། ༣༥ ཁྱོད་ལ་སྐྱོན་འགེལ་མི་རྣམས་བསླེབས་པའི་ཚེ་གཤགས་བྱའོ་ཞེས་སྨྲས་ནས། པའུ་ལུ་་ཧེ་རོ་དཱེའི་ཕོ་བྲང་གི་བཙོན་ཁང་དུ་བཞག་པའི་བཀའ་གནང་ངོ་༎