༢༨
ང་ཚོ་སྲོག་ཐར་ཞིང་གླིང་ཕྲན་དེའི་མིང་མལ་ཏཱ་ཡིན་པར་ཤེས་བྱུང་། ༢ གླིང་ཕྲན་དེའི་མི་ཚོས་ང་ཚོར་བཀའ་དྲིན་གཞན་དང་མི་འདྲ་བ་བྱས་བྱུང་། དེར་ཆར་པ་འབབ་པས་གནམ་གྲང་བས། དེ་ཚོས་མེ་བཏང་ནས་ང་ཚོ་དེར་བསུ་བ་བྱས་སོ། ༣ པའུ་ལུས་ཤིང་གི་ཕོན་པོ་ཞིག་བསྒྲུགས་ནས་མེ་ལ་བརྒྱབ་པ་དང་། དྲོད་ཀྱི་རྐྱེན་གྱིས་དུག་སྦྲུལ་ཞིག་ཐོན་ནས་ཁོང་གི་ཕྱག་ལ་འཁྲིལ་བ་ལས། ༤ མི་དེ་ཚོས་སྦྲུལ་དེ་ཁོང་གི་ཕྱག་ན་ལིང་ངེར་ཡོད་པ་མཐོང་སྟེ། མི་འདི་ཐེ་ཚོམ་མེད་པར་མི་བསད་ཅིག་ཡིན་པས། རྒྱ་མཚོ་ལས་ཐར་ཀྱང་། ལས་འབྲས་ཀྱིས་གསོན་པོར་མི་འཇོག་གོ་ཞེས་ཕན་ཚུན་ཟེར་ཏོ། ༥ ཁོང་གིས་སྦྲུལ་དེ་མེའི་ནང་སྤྲུགས་པས་གནོད་པ་ཅིའང་མ་བྱུང་ངོ་། ༦ དེ་ཚོས་ཁོང་སྐྲང་བར་འགྱུར་རམ། ཡང་ན་གློ་བུར་དུ་ས་ལ་འགྱེལ་ནས་འཆི་འོང་སེམས་ཤིང་ཡུན་རིང་ཞིག་བསྒུགས་ཀྱང་། གནོད་པ་ཅིའང་མ་བྱུང་བར་མཐོང་ནས། བསམ་པ་བསྒྱུར་ཏེ་ཁོང་ནི་ལྷ་ཞིག་གོ་ཟེར་རོ། ༧ དེའི་ཉེ་འཁོར་དུ་གླིང་ཕྲན་དེའི་དཔོན་པོ་པུབ་ལིའུ་བྱ་བའི་གཞིས་ཀ་ཡོད་དེ། ང་ཚོ་བོས་ནས་ཞག་གསུམ་གྱི་བར་དུ་མགྲོན་བྱིན་ནོ། ༨ པུབ་ལིའུ་ཡི་ཕ་ཚད་པ་དང་འཁྲུ་ནད་ཀྱིས་བཏབ་ཡོད་པས། པའུ་ལུ་དེའི་རྩར་ཕེབས་ནས། སྨོན་ལམ་བཏབ་ནས་ཕྱག་བཞག་སྟེ་སོས་པར་མཛད་དོ། ༩ དེ་ལྟར་བྱུང་བ་དང་། གླིང་ཕྲན་དེ་ན་ཡོད་པའི་ནད་པ་གཞན་ཚོ་འང་འོངས་ནས་སོས་པར་གྱུར་ཏོ། ༡༠ དེ་ཚོས་ང་ཚོར་འབུལ་བ་མང་པོ་ཕུལ་ཞིང་། འགྲོ་དུས་སུ་ང་ཚོར་དགོས་པ་ཐམས་ཅད་སྟེར་རོ༎༡༡ ཟླ་བ་གསུམ་གྱི་རྗེས་སུ་དགུན་ཁར་གླིང་ཕྲན་དེར་བསྡད་པའི་མཚེ་མའི་རྟགས་ཅན་གྱི་ཨ་ལེག་སན་དྲི་ཡཱ་ཡི་གྲུ་ལ་ཞོན་ནས་ང་ཚོ་སོང་ངོ་། ༡༢ སི་ར་ཀུ་རུ་བསླེབས་ནས་ཞག་གསུམ་དེར་བསྡད་དོ། ༡༣ དེ་ནས་བསྐོར་ཏེ་སོང་ཞིང་རེ་གི་ཨུམ་དུ་བསླེབས་ནས། ཞག་གཅིག་གི་རྗེས་སུ་ལྷོ་ཕྱོགས་ནས་རླུང་ལངས་པས། ཞག་གཉིས་པ་ལ་པུ་ཏེའོ་ལི་རུ་བསླེབས་སོ། ༡༤ དེར་སྤུན་ཁ་ཤས་འདུག་སྟེ། དེ་ཚོ་དང་མཉམ་བདུན་ཕྲག་གཅིག་བསྡད་ཕྱིར་བོས་སོ། དེ་ལྟར་ང་ཚོ་རོ་མཱ་དང་ཉེ་བར་བསླེབས་སོ། ༡༥ དེར་ཡོད་པའི་སྤུན་ཚོས་ང་ཚོའི་སྐོར་དུ་ཚོར་ནས། ཨབ་པིའུ་ཡི་ཁྲོམ་དང་། འགྲོན་ཁང་གསུམ་གྱི་བར་དུ་ང་ཚོ་བསུ་རུ་འོངས་སོ། པའུ་ལུས་དེ་ཚོ་གཟིགས་ནས་དཀོན་མཆོག་ལ་གཏང་རག་ཕུལ་ཞིང་ཐུགས་སྟོབས་དང་ལྡན་པར་གྱུར་ཏོ། ༡༦ ང་ཚོ་རོ་མཱ་རུ་བསླེབས་པ་དང་པའུ་ལུ་ལ་དམག་མི་སྲུང་མཁན་གཅིག་དང་མཉམ་དུ་རང་དགར་བཞུགས་པའི་དགོངས་པ་ཐོབ་བོ༎
༡༧ ཞག་གསུམ་གྱི་རྗེས་སུ་ཁོང་གིས་ཡ་ཧུ་དཱ་པའི་འགོ་བྱེད་ཚོ་བསྡུས་ནས་དེ་ཚོར་སྤུན་རྣམས། ངས་མི་སྡེའམ་ཕ་མེས་ཀྱི་ལུགས་སྲོལ་ལས་འགལ་བའི་ལས་གང་ཡང་མ་བྱས་ཀྱང་། ང་ཡེ་རུ་ཤ་ལེམ་དུ་བཙོན་དུ་བཅུག་ནས་རོ་མཱ་པའི་ལག་ཏུ་བཏང་ངོ་། ༡༨ དེ་ཚོས་ཞིབ་དཔྱོད་བཏང་ནས་ང་གསོད་པའི་རྒྱུ་ཅིའང་མ་བརྙེད་པས། ང་སྒྲོལ་བར་འདོད་ཀྱང་། ༡༩ ཡ་ཧུ་དཱ་པས་དགྲ་བྱས་པས། ངས་རྒྱལ་པོ་ཆེན་པོ་ལ་སྙན་ཞུ་མི་འབུལ་ཀ་མེད་བྱུང་། རང་གི་མི་བརྒྱུད་ལ་སྙད་འདོགས་རྒྱུ་ང་ལ་མེད། ༢༠ ང་ཨིས་ར་ཨེལ་གྱི་རེ་འདོད་དེའི་ཕྱིར་དུ་ལྕགས་སྒྲོག་འདིས་བཅིངས་པས། ཁྱོད་ཚོ་དང་ཐུག་པས་གཏམ་བྱེད་དུ་ངས་བོས་པ་ཡིན་གསུངས་ནས། ༢༡ དེ་ཚོས་ང་ཚོར་ཁྱེད་ཀྱི་སྐོར་ལ་ཡ་ཧུ་དཱ་ནས་ཡི་གེའང་མ་བསླེབས་ཤིང་། འདིར་འོངས་པའི་སྤུན་སུས་ཀྱང་ཁྱེད་ཀྱི་སྐོར་ལ་གཏམ་ངན་སྨྲའམ་ཤོད་མཁན་མ་བྱུང་། ༢༢ འོན་ཀྱང་ཆོས་ལུགས་འདི་ལ་ཡུལ་ཀུན་ཏུ་རྒོལ་བ་བྱུང་བ་ང་ཚོས་ཤེས་པས། ཁྱེད་ཀྱི་ལྟ་བ་གང་ཡིན་པ་དེ་ང་ཚོས་ཐོས་པར་འདོད་དོ་ཞེས་སྨྲས་སོ༎
༢༣ དེ་ནས་ཞག་མའི་ཁ་ཆད་ཅིག་བྱས་ནས། ཞག་དེར་མི་མང་པོ་ཁོང་གི་བཞུགས་གནས་ལ་འོངས་པ་དང་། ཁོང་གིས་དཀོན་མཆོག་གི་རྒྱལ་སྲིད་ལ་དཔང་པོ་བྱེད་ཅིང་། མོ་ཤེའི་བཀའ་ཁྲིམས་དང་ལུང་སྟོན་པ་ཚོའི་མདོ་ལས་ཡེ་ཤུའི་སྐོར་དེ་ཚོའི་བློར་འཇུག་པའི་རྩོལ་བ་བྱེད་ཅིང་། སྔ་དྲོ་ནས་དགོང་མོའི་བར་དུ་ཆོས་བཤད་དོ། ༢༤ གདམས་ངག་དེར་མི་ལ་ལ་ཡིད་ཆེས་ཤིང་ལ་ལ་ཡིད་མ་ཆེས་སོ། ༢༥ དེ་དག་ཁ་མ་འཆམས་པར་འགྲོ་བ་ལས། པའུ་ལུས་གསུང་ཞིག་བསྣན་ནས་འདི་སྐད་དུ། ལུང་སྟོན་པ་ཡེ་ཤ་ཡཱའི་སྒོ་ནས་དམ་པའི་ཐུགས་ཉིད་ཀྱིས་ཁྱེད་ཚོའི་ཕ་མེས་ལ་འདི་ལྟར་ལེགས་པར་གསུངས་ཏེ།
༢༦-༢༧ མི་རྒྱུད་འདི་ཡིས་མི་མཐོང་ཕྱིར༎
རྣ་བས་ཐོས་པར་མི་འགྱུར་ཕྱིར༎
མི་གོ་སེམས་ནི་མི་སྒྱུར་ཕྱིར༎
ངས་ཀྱང་དེ་ནད་མི་སེལ་ཕྱིར༎
དེ་ཡི་བློ་གྲོས་མུན་པར་གྱུར༎
དེ་ཡི་རྣ་བ་ལྗིད་པར་གྱུར༎
དེ་ཡི་མིག་ཀྱང་བཙུམ་ཡོད་དོ༎
དེ་ཕྱིར་ཐོས་ཀྱང་ཅང་མི་གོ།
མིག་གིས་བལྟ་ཡང་མི་མཐོང་ཞེས༎
མི་སྡེ་འདིའི་རྩར་སོང་ནས་ཟེར༎
གསུངས་ཏེ། ༢༨ དཀོན་མཆོག་གི་ཐར་ལམ་འདི་ནི་ཕྱི་པ་ཚོར་གནང་སྟེ། དེ་ཚོས་ཉན་པར་འགྱུར་བ་ཁྱེད་ཚོས་ཤེས་ཤིག་ཅེས་གསུངས་སོ༎ ༢༩ ༼གནའ་བོའི་བཤུས་ཡིག་ལ་ལར་ཚིག་བཅད་འདི་མེད་པ་ཡིན།༽