༢༧
ང་ཚོ་ཨི་ཏ་ལི་རུ་ཆུ་ཐོག་ཏུ་འགྲོ་དགོས་པར་ཐག་ཆོད་པས། དེ་ཚོས་པའུ་ལུ་དང་བཙོན་པ་གཞན་ཁ་ཅིག་ཨའུ་གུས་ཏུའི་དམག་དཔུང་གི་བརྒྱ་དཔོན་ཡུ་ལིའུ་བྱ་བའི་ལག་ལ་བཏད་དོ།  ཨ་སི་ཨའི་འགྲམ་གྱི་གནས་རྣམས་སུ་འགྲོ་བའི་ཨ་དྲ་མིད་ཡུལ་ནས་འོངས་པའི་གྲུ་ལ་ཞོན་ཏེ་ང་ཚོ་སོང་བ་ཡིན། མ་ཀེ་དོན་གྱི་ཐེ་ས་ལོ་ནི་ཀེ་པ་ཨ་རིས་ཏར་ཀུ་ང་ཚོ་དང་མཉམ་ཡོད་པ་ཡིན།  དེའི་ཕྱི་ཉིན་ང་ཚོ་ཚི་དོན་གྱི་འགྲམ་དུ་བསླེབས་སོ། ཡུ་ལིའུས་པའུ་ལུ་ལ་ཐུགས་རྗེས་བསྐྱངས་ནས། ཁོང་ལ་ངོ་ཤེས་ཚོས་བདག་རྐྱེན་བྱེད་ཕྱིར་དེ་ཚོ་དང་ཕྲད་པའི་དགོངས་པ་གནང་ངོ་།  དེ་ནས་ཆུ་ཐོག་ཏུ་སོང་ནས་མི་མཐུན་པའི་རླུང་བྱུང་ནས་སིབ་རུས་ཀྱི་གླིང་ཕྲན་གྱི་སྐྱིབས་ནས་སོང་ངོ་།  དེ་ནས་ཀི་ལིག་དང་ཕམ་ཕིལ་ཡཱའི་ཆུ་ལས་སོང་ནས། ལིག་ཡཱའི་གྲོང་ཁྱེར་མི་རཱ་རུ་ཕྱིན་པ་དང་།  དེར་བརྒྱ་དཔོན་ལ་ཨི་ཏ་ལི་རུ་འགྲོ་བའི་ཨ་ལེག་སན་དྲི་ཡཱའི་གྲུ་ཞིག་ཐོབ་སྟེ། ང་ཚོ་དེ་ནང་བཅུག་གོ།  ཡང་ཞག་འགའ་ཞིག་ག་ལེར་སོང་བས། ཀེ་ནེ་དུའི་ཐད་དུ་དཀའ་ལས་ཁག་པོ་དང་བཅས་བསླེབས་ནས། རླུང་གིས་མདུན་དུ་འགྲོར་མ་བཅུག་པས། སལ་མོ་ནེའི་ཐད་ཀྱི་ཀ་རེ་ཏཱ་ཡི་གླིང་ཕྲན་གྱི་སྐྱིབས་ནས་སོང་ངོ་།  དེའི་འགྲམ་ནས་དཀའ་ལས་ཁག་པོས་འགྲོ་ཞིང་གྲོང་ཁྱེར་ལ་སེ་ཡཱ་དང་ཉེ་བའི་གྲུ་ཁ་མཛེས་པ་བྱ་བའི་གནས་སུ་བསླེབས་སོ༎
 དུས་ཡུན་རིང་འགོར་ཞིང་། སྨྱུང་གནས་ཀྱི་ཟླ་དུས་ཀྱང་རྫོགས་པས། ཆུ་ཐོག་ལ་འགྲོ་བར་ཉེན་ཆེ་བས། པའུ་ལུས་དེ་ཚོར་ཞལ་ཏ་མཛད་ཅིང་། ༡༠ ཁྱེད་རྣམ་པ། ཆུ་ཐོག་གི་འགྲུལ་འདིས་གྲུ་དང་ཟོང་མ་ཟད་ང་ཚོའི་སྲོག་ལའང་བར་ཆད་གོད་ཁ་ཡོང་བར་བསམ་མོ་ཞེས་གསུངས་ཀྱང་། ༡༡ བརྒྱ་དཔོན་གྱིས་པའུ་ལུས་གསུངས་པ་ལས་གྲུའི་དེད་དཔོན་དང་བདག་པོས་སྨྲས་པ་ལ་ལྷག་པར་ཉན་ཏོ། ༡༢ གྲུ་ཁ་དེ་དགུན་སར་ལེགས་པ་ཞིག་མ་ཡིན་པས། མི་མང་ཆེ་བས་འདི་ནས་སོང་སྟེ་ལྷོ་ནུབ་དང་ནུབ་བྱང་གི་ཕྱོགས་སུ་ཁ་བཏད་ཡོད་པའི་ཀ་རེ་ཏཱའི་གྲུ་ཁ་ཕེ་ནིག་ལ་ཐབས་གང་རུང་གིས་བསླེབ་ཐུབ་ན་དེར་དགུན་ས་བྱེད་ཆོག་པའི་བསླབ་བྱ་བཏང་ངོ་༎
༡༣ དེ་ནས་ལྷོ་ཕྱོགས་ནས་རླུང་འཇམ་པོ་ཞིག་བྱུང་བས། དེ་ཚོའི་དོན་གྲུབ་སྙམས་ནས། གཏིང་རྡོ་བཏེགས་ནས་ཀ་རེ་ཏཱའི་འགྲམ་ནས་སོང་ངོ་། ༡༤ རིང་པོར་མ་ལོན་པར་སྐམ་སའི་ཕྱོགས་ནས་བྱང་ཤར་གྱི་རླུང་འཚུབ་དྲག་པོ་ལང་བྱུང་སྟེ། ༡༥ གྲུ་བཟུང་བས། དེ་ཕྱོགས་སུ་ཁ་སྒྱུར་མ་བཏུབ་པས། རླུང་པོས་གང་དགར་འཁྱེར་བཅུག་པ་དང་། ༡༦ ཀའུ་དཱ་བྱ་བའི་གླིང་ཕྲན་གྱི་སྐྱིབས་སུ་ཁྱེར་བས། དཀའ་ལས་ཆེན་པོས་གྲུ་ཆུང་འཛིན་ཞིང་། ༡༧ ཡར་དྲངས་ཏེ་གྲུ་གཟིངས་ཐག་པས་སྡོམ་པའི་ཐབས་བྱས་སོ། སིར་ཏི་རུ་འཁྱེར་དོགས་ཀྱིས། གཡོར་མོ་རྣམས་མར་ཕབ་བོ། ༡༨ ང་ཚོ་རླུང་དྲག་གིས་ཤིན་ཏུ་སྐྱོད་སྟབས། དེའི་ཕྱི་ཉིན་ཟོང་རྣམས་ཆུར་སྐྱུར་བ་ལ་ཞུགས། ༡༩ ཞག་གསུམ་པ་ལ་གྲུའི་ཡོ་བྱད་ཀྱང་རང་གི་ལག་པས་ཆུར་བསྐྱུར་ཏོ། ༢༠ ཞག་མང་པོའི་རིང་ཉི་མ་དང་སྐར་མ་མི་མཐོང་བའི་རླུང་དྲག་ཆེ་བས། ང་ཚོའི་སྲོག་ཐར་བའི་རེ་བ་ཡོངས་སུ་ཟད་དོ༎
༢༡ དེ་ཚོས་ཡུན་རིང་ནས་ཁ་ཟས་མ་ཟོས་པས། པའུ་ལུས་དཀྱིལ་དུ་བཞེངས་ཏེ། ཁྱེད་རྣམ་པ། ངས་སྔར་སྨྲས་པར་ཉན་ཏེ། ཀ་རེ་ཏཱ་རུ་བསྡད་པ་ཡིན་ན། བར་ཆད་དང་གོད་ཁ་འདི་ལྟར་མ་མྱོང་བ་ཡིན། ༢༢ ད་ངས་ཁྱེད་ཚོར་སེམས་ལྷོད་བྱེད་པའི་ཕྱིར་སྐུལ་ལོ། གྲུ་ལ་མ་གཏོགས་པར་ཁྱེད་སུ་ལའང་གནོད་པ་བྱུང་བར་མི་འགྱུར་རོ། ༢༣ ང་སུ་ཡི་ཡིན་པའི་ངས་སྟེན་པའི་དཀོན་མཆོག་གི་ཕོ་ཉ་དེ་རིང་མཚན་མོར་ངའི་རྩར་ཕེབས་ནས། ༢༤ པའུ་ལུ་མ་འཇིགས་ཤིག ཁྱོད་རྒྱལ་པོ་ཆེན་པོ་མཇལ་བ་གལ་ཆེའོ། ཁྱོད་ཀྱི་རྐྱེན་གྱིས་ཁྱོད་མཉམ་གྲུའི་ནང་ཡོད་པ་ཐམས་ཅད་དཀོན་མཆོག་གིས་སྐྱབས་པ་ཡིན་ཞེས་གསུངས་པས། ༢༥ གང་གསུངས་པ་བཞིན་དུ་དཀོན་མཆོག་གིས་མཛད་པར་ང་ཡིད་ཆེས་པས། ཁྱེད་ཚོ་སྙིང་ལྷོད་དེར་སྡོད་ཅིག ༢༦ འོན་ཀྱང་ང་ཚོ་གླིང་ཕྲན་ཞིག་ལ་འདེད་པར་འགྱུར་རོ་ཞེས་གསུངས་སོ༎
༢༧ དེ་ནས་མཚན་མོ་བཅུ་བཞི་པར་ང་ཚོ་ཨ་དྲི་ཡཱའི་རྒྱ་མཚོའི་ནང་དུ་ཕན་ཚུན་ཁྱེར་ཞིང་། ནམ་ཕྱེད་ཙམ་ལ་སྐམ་ས་དང་ཉེ་བར་བསླེབ་པའི་ཚོད་ཐོབ་སྟེ། ༢༨ གཏིང་གི་ཚོད་བླངས་ནས་འདོམ་ཉི་ཤུ་དང་། ཅུང་ཟད་ཅིག་འགྱངས་ནས་ཡང་ཚོད་བླངས་ནས་འདོམ་བཅོ་ལྔ་ཡོད་པར་བརྟགས་སོ། ༢༩ གྲུ་བྲག་ལ་འཕོག་པའི་འཇིགས་པས། གྲུའི་མཇུག་ནས་གཏིང་རྡོ་བཞི་ཕབ་ནས། ཉི་མ་འཆར་བར་རིངས་སོ། ༣༠ གྲུ་པ་ཚོས་གྲུའི་མགོ་ལས་ཀྱང་གཏིང་རྡོ་འབེབས་སྙད་ཀྱིས་གྲུ་ནས་འབྲོས་ཐབས་འཚོལ་ཞིང་གྲུ་ཆུང་རྒྱ་མཚོར་ཕབ་ཀྱང་། ༣༡ པའུ་ལུས་བརྒྱ་དཔོན་དང་དམག་མིར། འདི་ཚོ་གྲུའི་ནང་མི་སྡོད་ན་ཁྱེད་ཚོའི་སྲོག་ཐར་བར་མི་ནུས་སོ་ཞེས་གསུངས་པས། ༣༢ དམག་མིས་གྲུ་ཆུང་གི་ཐག་པ་བཅད་ནས་ཆུར་ཁྱེར་བཅུག་གོ།
༣༣ ནམ་ཅུང་ཟད་མ་ལངས་པས། པའུ་ལུས་ཚང་མར་ཁ་ཟས་ཟ་བར་བསྐུལ་ཞིང་། འདི་སྐད་དུ། ཁྱེད་ཚོ་ཐེ་ཚོམ་ཟ་བས་ཁ་ཟས་མ་ཟ་བར་དེ་རིང་བར་ཞག་བཅུ་བཞི་སོང་། ༣༤ དེའི་ཕྱིར་རང་སྲོག་སྐྱོབ་པར་ཁ་ཟས་ཟ་བར་བསྐུལ་ལོ། ཁྱེད་ཚོའི་སྐྲ་ཉག་གཅིག་ལའང་སྐྱོན་འབྱུང་བར་མི་འགྱུར་རོ། ༣༥ ཞེས་གསུངས་ནས་བག་ལེབ་ཕྱག་ཏུ་བཞེས་ཏེ་ཐམས་ཅད་ཀྱི་མདུན་དུ་དཀོན་མཆོག་ལ་གཏང་རག་ཕུལ་ནས་བཅག་སྟེ་བཞེས་སོ། ༣༦ དེ་ནས་ཐམས་ཅད་ཀྱི་སེམས་ལྷོད་པོར་སོང་ནས་ཁ་ཟས་ཀྱང་ཟོས་སོ། ༣༧ གྲུའི་ནང་ན་ང་ཚོ་ཁྱོན་བསྡོམས་མི་ཉིས་བརྒྱ་དང་བདུན་ཅུ་དོན་དྲུག་ཡོད་པ་ཡིན། ༣༨ ཁ་ཟས་འགྲངས་པར་ཟོས་ནས་འབྲུ་གྲོ་ཐམས་ཅད་རྒྱ་མཚོར་བསྐྱུར་ཏེ་གྲུ་ཡང་མོ་བཟོས་སོ༎
༣༩ དེ་ནས་ནམ་ལངས་ཚེ་ཡུལ་གང་ཡིན་མ་ཤེས་ཀྱང་བྱེ་མ་ཡོད་པའི་ཆུ་ཁུག་ཅིག་མཐོང་བ་དང་། དེའི་ནང་དུ་ནུས་ན་གྲུ་དེད་པའི་གྲོས་བྱས་སོ། ༤༠ གཏིང་རྡོ་བཀྲོལ་ནས་རྒྱ་མཚོར་བཞག་སྟེ། གྲུ་སྐྱ་ཚོའི་ཐག་པ་བཀྲོལ་ཞིང་། མདུན་གྱི་གཡོར་མོ་རླུང་དང་བསྟུན་ནས་བསྒྲེངས་ཏེ། བྱེ་འགྲམ་གྱི་ཕྱོགས་སུ་སོང་ངོ་། ༤༡ འོན་ཀྱང་བྱེ་སྲུབས་ཀྱི་སྒང་ཞིག་ལ་གྲུ་གཟུགས་ནས། གྲུའི་མགོ་ཁད་ནས་མཇུག་རྦ་རླབས་ཀྱི་ཤུགས་ཀྱིས་ཆག་གོ། ༤༢ བཙོན་པ་སུའང་རྐྱལ་རྒྱབ་ནས་མི་འབྲོས་པའི་ཕྱིར། དམག་མིས་དེ་ཚོ་གསོད་པའི་གྲབས་བྱས་སོ། ༤༣ འོན་ཀྱང་བརྒྱ་དཔོན་གྱིས་པའུ་ལུ་སྐྱོབ་པར་འདོད་ཅིང་། གྲོས་བཞིན་བྱེད་དུ་མ་གནང་བར། རྐྱལ་རྒྱབ་ཐུབ་པ་ཚོ་ཆུར་མཆོངས་ཏེ་སྔོན་དུ་སྐམ་སར་འགྲོ་བ་དང་། ༤༤ གཞན་རྣམས་སྤང་ལེབ་བམ་གྲུའི་ཆག་དུམ་ལ་འཇུས་ནས་འགྲོ་ཕྱིར་བསྒོས་པས། ཐམས་ཅད་སྐམ་སར་བསླེབས་སོ༎