༢༦
ཨག་རི་པཱས་པའུ་ལུ་ལ། ཁྱོད་ཀྱིས་རང་གི་རྒྱུ་རྐྱེན་བཤད་ཆོག་སྨྲས་པ་དང་། པའུ་ལུས་ཕྱག་བརྐྱངས་ཏེ་རྒྱུ་རྐྱེན་འཆད་ཅིང་འདི་སྐད་དུ།  ཀྱེ་རྒྱལ་པོ་ཨག་རི་པཱཡ་ཧུ་དཱ་པ་རྣམས་ཀྱིས་ང་ལ་ཉེས་མེད་སྙད་བཏགས་པའི་སྐོར་ལ་ངས་ལན་འདེབས་ཕྱིར་དེ་རིང་ཁྱེད་ཀྱི་དྲུང་དུ་བསླེབས་པ་ལ་ཤིན་ཏུ་དགའོ།  ཁྱད་པར་དུའང་ཁྱེད་ཀྱིས་ཡ་ཧུ་དཱ་པའི་ཁྲིམས་དང་ལྟ་བ་རྣམས་ལེགས་པར་མཁྱེན་པས། ཐུགས་མི་བསུན་པར་གསན་དུ་གསོལ།  ང་ཐོག་མ་ན་གཞོན་དུས་ནས་རང་གི་མི་བརྒྱུད་ཀྱི་དཀྱིལ་དང་། ཡེ་རུ་ཤ་ལེམ་དུའང་སྤྱོད་ལམ་ཇི་ལྟར་བྱས་པ་ནི་ཡ་ཧུ་དཱ་པ་ཐམས་ཅད་ཀྱིས་ཤེས་སོ།  དེ་ཚོས་ང་ཡུན་རིང་ནས་ངོ་ཤེས་པས། ང་ནི་ང་ཚོའི་ཆོས་ལུགས་ཀུན་ནས་ཁྲིམས་དམ་པོ་ཕ་རུ་ཤི་པའི་སྤྱད་པ་སྤྱོད་པ་ལ་དེ་ཚོས་དཔང་པོ་བྱེད་ནུས་སོ།  ང་ད་ལྟ་འདིར་གཤགས་ལ་ལང་བ་ནི། དཀོན་མཆོག་གིས་ཕ་མེས་ལ་ཞལ་གྱིས་བཞེས་པ་དེ་ལ་རེ་བ་བྱས་པའི་རྐྱེན་གྱིས་ཡིན།  གང་དེ་ང་ཚོའི་སྡེ་བཅུ་གཉིས་ཀྱིས་ཉིན་མཚན་མེད་པར་བསྙེན་བཀུར་བྱེད་ཅིང་རེ་བ་བྱེད་དོ། ཀྱེ་རྒྱལ་པོ་རེ་བ་འདི་ཁོ་ནའི་ཕྱིར་དུ་ཡ་ཧུ་དཱ་པས་ང་ལ་སྐྱོན་འགེལ་ལོ།  དཀོན་མཆོག་གིས་གཤིན་པོ་གསོན་པོར་མཛད་ན་ཁྱེད་ཀྱིས་མི་སྲིད་པ་ཡིན་པ་ཅི་ལ་སེམས།  སྔར་ང་རང་གིས་ཀྱང་ན་ཙཱ་རེད་པ་ཡེ་ཤུའི་མཚན་ལ་ཅི་ས་ནས་རྒོལ་བར་རིགས་སོ་སྙམ་སྟེ། ༡༠ ཡེ་རུ་ཤ་ལེམ་དུ་དེ་ལྟར་བྱས་པས། བླ་ཆེན་ཚོ་ལས་དབང་ཐོབ་ནས། མཱ་ཤི་ཀ་པ་མང་པོ་བཙོན་དུ་བཅུག་པ་མ་ཟད། དེ་ཚོ་གསོད་པའི་ཕྱིར་ངའང་ཁ་འཆམ་པ་ཡིན། ༡༡ འདུ་ཁང་ཐམས་ཅད་ནང་དེ་ཚོར་ལན་མང་པོ་ཆད་པས་བཅད་དེ། སྐུར་པ་འདེབས་འཇུག་ཅིང་། དེ་ཚོར་ཁྲོ་བས་སྨྱོས་ཤིང་། གྲོང་ཁྱེར་གཞན་དག་ལའང་སོང་སྟེ་དེ་ཚོར་བཙེས་སོ༎
༡༢ བླ་ཆེན་ཚོས་དབང་བསྐུར་ཞིང་ང་བཏང་སྟེ། དེ་ལྟར་ད་མཱ་སེག་ཏུ་འགྲོ་བ་ལས། ༡༣ ཀྱེ་རྒྱལ་པོ་ལགས། ལམ་བར་དུ་ཉིན་གུང་ལ། ཉི་མ་ལས་འོད་ཆེ་བའི་འོད་ཅིག་ནམ་མཁའ་ནས་ང་དང་ལམ་གྲོགས་ཚོའི་ཕྱོགས་བཞིར་ཤར་བ་མཐོང་། ༡༤ ང་ཚོ་ཐམས་ཅད་ས་ལ་འགྱེལ་བ་དང་། ང་ལ་ཨིབ་རིའི་སྐད་དུ། ཤ་ཨུལཤ་ཨུལ། ཅིའི་ཕྱིར་ཁྱོད་ཀྱིས་ང་ལ་འཚེ། གླང་ལྕག་ལ་འཕྲ་རྒྱབ་ན་ཁྱོད་རང་ལ་འཕོག་ཅེས་གསུངས་པའི་སྒྲ་ཐོས་བྱུང་། ༡༥ ངས་ཁྱེད་སུ་ལགས་ཞུས་པ་དང་། གཙོ་བོས་ང་ནི་ཁྱེད་ཀྱིས་འཚེ་བའི་ཡེ་ཤུ་དེ་ཡིན། ༡༦ ལོངས་ལ་ཀྲོང་ངེར་འདུག་ཅིག ཁྱོད་ཀྱིས་ང་མཇལ་བ་དང་། མཇལ་བར་འགྱུར་བའི་བྱ་བ་རྣམས་ལ་དཔང་པོ་བྱེད་པ་དང་ངའི་ཞབས་ཏོག་པར་སྐོ་བའི་ཕྱིར། ངས་ཁྱོད་ལ་ཞལ་གཟིགས་པ་ཡིན། ༡༧ ངས་ཁྱོད་མི་སྡེ་འདི་དང་གང་ལ་རྫོང་བའི་ཕྱི་པ་ཚོ་ལས་སྐྱབས་ཅིང་། ༡༨ དེ་ཚོར་མུན་པ་ལས་འོད་དང་། བདུད་ཀྱི་དབང་ནས་དཀོན་མཆོག་གི་ཕྱོགས་སུ་སྒྱུར་བ་དང་། སྡིག་པ་སེལ་བ་དང་། ང་ལ་དད་པའི་སྒོ་ནས་དམ་པར་གྱུར་པ་རྣམས་དང་སྐལ་བ་མཉམ་པའི་ཕྱིར་དེ་ཚོའི་མིག་འབྱེད་པའི་དོན་དུ་རྫོང་ངོ་ཞེས་གསུངས་བྱུང་ངོ་༎
༡༩ དེའི་ཕྱིར་ཀྱེ་རྒྱལ་པོ་ཨག་རི་པཱ། ངས་ནམ་མཁའི་ཞལ་གཟིགས་ལ་ཉན་ནས། ༢༠ དང་པོར་ད་མཱ་སེག་དང་། གཉིས་པར་ཡེ་རུ་ཤ་ལེམ་དང་། ཡ་ཧུ་དཱ་ཡུལ་ཀུན་དང་ཕྱི་པ་ཚོ་ལ། འགྱོད་ཚངས་བྱེད་ཅིང་། དཀོན་མཆོག་གི་ཕྱོགས་སུ་སེམས་སྒྱུར་ཞིང་། བསྒྱུར་པ་དང་བསྟུན་པའི་ལས་བྱེད་ཕྱིར་བཤད་པ་ཡིན། ༢༡ རྒྱུ་མཚན་དེའི་ཕྱིར་ཡ་ཧུ་དཱ་པ་ཚོས་ང་མཆོད་ཁང་ནང་བཟུང་སྟེ། གསོད་པར་བརྩམས་ཀྱང་། ༢༢-༢༣ དེ་རིང་གི་བར་དུ་དཀོན་མཆོག་གིས་སྐྱབས་ཤིང་། ང་གསོན་པོར་འགྲེང་ངོ་། མཱ་ཤི་ཀས་སྡུག་བསྔལ་མྱང་དགོས་པ་དང་། གཤིན་པོ་རྣམས་ལས་བཞེངས་པའི་སྔོན་མ་ཡིན་ཏེ། མི་སྡེ་འདི་དང་ཕྱི་པ་ལ་འོད་ཀྱི་ཕྲིན་སྒྲོག་པར་འགྱུར་ཞེས་ལུང་སྟོན་པ་དང་མོ་ཤེས་གསུངས་པ་དེ་མ་གཏོགས་པར་ཆེ་ཆུང་སུ་ལའང་ངས་གཏམ་གཞན་མ་སྨྲས་ཞེས་གསུངས་སོ༎
༢༤ རྒྱུ་རྐྱེན་དེ་ལྟར་ཞུས་པ་ལས། ཕེས་ཏུས། པའུ་ལུ་ཁྱོད་སྨྱོའོ། རིག་པ་ཆེ་བས་ཁྱོད་སྨྱོ་འཇུག་གོ་ཞེས་འབོད་བསྒྲགས་སོ། ༢༥ པའུ་ལུས། མི་རྗེ་ཕེས་ཏུ། ང་མི་སྨྱོ་ཞིང་དྲན་པ་བརྟན་པོར་བདེན་པ་དེ་སྨྲའོ། ༢༦ རྒྱལ་པོས་འདི་ཚོ་མཁྱེན་པས། ངས་དགག་པ་མེད་པར་ཞུ་ཞིང་། བྱ་བ་འདི་ཚོ་ཁུག་ཀྱོག་ཅིག་ཏུ་མ་བྱུང་བས། ཐུགས་རྒྱུས་གསལ་པོར་ཡོད་པར་ཡིད་ཆེས་སོ། ༢༧ ཀྱེ་རྒྱལ་པོ་ཨག་རི་པཱ། ལུང་སྟོན་པ་ཚོ་ལ་ཁྱེད་ཐུགས་ཡིད་ཆེས་སམ། ཆེས་པར་ངས་ཤེས་སོ་གསུངས་པ་དང་། ༢༨ ཨག་རི་པཱས། དུས་ཅུང་ཟད་ཅིག་ནང་ཁྱོད་ཀྱིས་ང་མཱ་ཤི་ཀ་པ་བཟོ་བར་བསམ་མམ་སྨྲས་སོ། ༢༩ པའུ་ལུས། ཅུང་ཟད་དམ་རིང་པོ་ཅི་ཡིན་རུང་། ལྕགས་སྒྲོག་འདི་མ་གཏོགས་པར་ཁྱེད་མ་ཟད་ངའི་གཏམ་ལ་གསན་པ་ཐམས་ཅད་ང་དང་འདྲ་བར་འགྱུར་དུ་དཀོན་མཆོག་ལ་སྨོན་ནོ་ཞེས་གསུངས་སོ༎
༣༠ དེ་ནས་རྒྱལ་པོ་དང་། སྤྱི་ཁྱབ་དང་། བེར་ནི་ཀེ་དང་། འཁོར་ཐམས་ཅད་ལངས་ཏེ། ༣༡ སོ་སོར་སོང་ནས་ཕན་ཚུན། མི་འདིས་གསོད་པའམ་བཙོན་དུ་འཇུག་པ་ལ་ཐུག་པའི་ཉེས་པ་མ་བྱས་སོ་ཞེས་སྨྲས་སོ། ༣༢ ཨག་རི་པཱས་ཕེས་ཏུ་ལ། མི་འདིས་རྒྱལ་པོ་ཆེན་པོ་ལ་སྙན་ཞུ་ཕུལ་བ་མ་ཡིན་ན། ཐར་ཆོག་གོ་ཞེས་སྨྲས་སོ༎