༢༥
ཕེས་ཏུ་ཡུལ་ལྗོངས་དེར་བསླེབས་ནས་ཞག་གསུམ་གྱི་རྗེས་སུ་ཀེ་སར་ཡཱ་ནས་ཡེ་རུ་ཤ་ལེམ་དུ་སོང་ངོ་།  བླ་ཆེན་དང་ཡ་ཧུ་དཱ་པའི་རྩ་ཆེ་བའི་མི་རྣམས་ཀྱིས་དེའི་དྲུང་དུ་པའུ་ལུའི་སྐོར་ལ་འོ་དོད་འབོད་ནས།  ཁོང་ཡེ་རུ་ཤ་ལེམ་དུ་འགུག་པའི་བཀའ་དྲིན་མཛད་ཕྱིར་ཞུས་ཤིང་། ཁོང་ལམ་ལ་གསོད་པའི་ཕྱིར་འཇབ་རྒྱུའི་གྲོས་བྱས་སོ།  ཕེས་ཏུས་ལན་དུ། པའུ་ལུ་་ཀེ་སར་ཡཱ་རུ་བཙོན་དུ་བཅུག་ཡོད་པས། ང་མགྱོགས་པར་དེ་རུ་འགྲོ་སྟེ།  ཁྱེད་ཚོའི་ནང་ན་དབང་ཡོད་པ་ཚོ་ང་དང་མཉམ་དེར་སོང་ནས། མི་དེ་ལ་སྐྱོན་ཞིག་ཡོད་ན་སྐྱོན་འགེལ་བར་བྱ་དགོས་སྨྲས་སོ༎
 ཕེས་ཏུ་ཞག་བརྒྱད་དགུ་ལས་ལྷག་པ་དེ་ཚོའི་དཀྱིལ་དུ་མ་བསྡད་པར་ཀེ་སར་ཡཱ་རུ་སོང་བ་དང་། དེའི་སང་ཉིན་ཁྲི་ལ་བསྡད་ནས་པའུ་ལུ་འཁྲིད་ཤོག་ཅེས་བསྒོས་སོ།  ཁོང་ཕེབས་པ་དང་། ཡེ་རུ་ཤ་ལེམ་ནས་འོངས་པའི་ཡ་ཧུ་དཱ་པ་ཚོས་ཁོང་ལ་བསྐོར་ཏེ་སྐྱོན་འཚབས་ཆེ་བ་མང་པོ་འཀལ་ཀྱང་། ཁུངས་སྐྱེལ་བར་མ་ནུས་སོ།  པའུ་ལུས་ངས་ཡ་ཧུ་དཱ་པའི་བཀའ་ཁྲིམས་སམ། མཆོད་ཁང་ངམ། རྒྱལ་པོ་ཆེན་པོ་ཀེ་སར་ལ་བལྟས་ནས་ཉེས་སྐྱོན་ཅིའང་མ་བྱས་པ་ཡིན་ཞེས་རྒྱུ་རྐྱེན་ཞུས་སོ།  ཕེས་ཏུས་ཡ་ཧུ་དཱ་པ་རྣམས་ལ་དྲིན་འཇོག་པར་འདོད་ནས་པའུ་ལུ་ལ། ཞལ་ཆེ་འདི་ངས་ཡེ་རུ་ཤ་ལེམ་དུ་གཅོད་དུ་འགྲོ་བར་ཁྱེད་དགའ་འམ་ཞེས་དྲིས་པ་དང་། ༡༠ པའུ་ལུས། ང་རྒྱལ་པོ་ཆེན་པོའི་ཁྲིམས་དཔོན་གྱི་དྲུང་དུ་ལངས་ཡོད་པས། འདི་གར་ངའི་ཞལ་ཆེ་གཅོད་པར་རིགས་སོ། ངས་ཡ་ཧུ་དཱ་པ་ཚོར་ཉེས་པ་གང་ཡང་མ་བྱས་པ་ཁྱེད་ཀྱིས་ལེགས་པར་མཁྱེན་ནོ། ༡༡ གལ་ཏེ་ང་གསོད་པར་འོས་པའི་ལས་ངན་ཞིག་བྱས་ཡོད་ན། ང་འཆི་བ་ལ་མི་འཛེམ་མོ། ཇི་སྟེ་འདི་ཚོས་སྙད་བཙུགས་པ་རྣམས་གང་ཡང་མི་བདེན་ན། སུས་ཀྱང་ང་དེ་ཚོའི་ལག་ཏུ་གཏོང་བར་མི་ནུས་སོ། ངས་རྒྱལ་པོ་ཆེན་པོར་སྙན་ཞུ་འབུལ་ལོ་གསུངས་སོ། ༡༢ ཕེས་ཏུས་རང་གི་གྲོས་མི་དང་གྲོས་བྱས་ནས། ཁྱོད་ཀྱིས་རྒྱལ་པོ་ཆེན་པོ་ལ་སྙན་འབུལ་བྱས་པས། རྒྱལ་པོ་ཆེན་པོའི་དྲུང་དུ་འགྲོ་བར་འགྱུར་ཞེས་ལན་བཏབ་བོ༎
༡༣ དེ་ནས་ཞག་ཁ་ཅིག་ལོན་ནས། རྒྱལ་པོ་ཨག་རི་པཱ་དང་ལྕམ་བེར་ནི་ཀེ་གཉིས་ཀེ་སར་ཡཱ་རུ་ཕེས་ཏུ་ཕྲད་དུ་བསླེབས་སོ། ༡༤ དེར་ཡུན་རིང་བསྡད་པ་ལས། ཕེས་ཏུས་པའུ་ལུའི་གཤགས་ཀྱི་སྐོར་རྒྱལ་པོ་ལ་བཤད་ཅིང་འདི་སྐད་དུ། ཕེ་ལིག་གིས་མི་ཞིག་བཙོན་དུ་བཞག་ནས་སོང་བས། ༡༥ ང་ཡེ་རུ་ཤ་ལེམ་དུ་ཡོད་པའི་ཚེ་ཡ་ཧུ་དཱ་པའི་བླ་ཆེན་དང་རྒན་མི་ཚོས་ང་ལ་དེའི་སྐོར་དུ་ཟེར་ཞིང་ཁྲིམས་ཞུས་བྱུང་། ༡༦ ངས་ལན་དུ། གཤགས་ཡ་པ་ལ་ཞུ་བ་པོའི་གདོང་ལ་ཁོ་རང་གི་རྒྱུ་རྐྱེན་བཤད་ལོང་མ་བྱུང་བར། ཉེས་ཆད་ཀྱི་ཕྱིར་གཏོད་པ་ནི་རོ་མཱ་པའི་ལུགས་སྲོལ་མ་ཡིན་སྨྲས་པས། ༡༧ དེ་ཚོ་འདིར་མཉམ་དུ་འོངས་པ་དང་། ངས་མི་འགོར་བར། དེའི་ཕྱི་ཉིན་ཁྲི་ལ་འདུག་ནས་མི་དེ་བོས་པ་ཡིན། ༡༨ ཞུ་བ་པོ་ཚོ་ལངས་ཀྱང་། ངའི་བློ་རྟོགས་བྱུང་ཚུལ་ལྟར་ན་མི་འདིར་འགལ་འཚབས་ཆེ་བ་གང་ཡང་མ་མཐོང་བས། ༡༩ ཁོང་རང་ཚོའི་ལྟ་བ་དང་། ཡེ་ཤུ་བྱ་བ་ཞིག་གྲོངས་ནས་པའུ་ལུས་དེ་ནི་གསོན་ནོ་ཞེས་སྨྲས་པའི་སྐོར་ཕན་ཚུན་ཆོས་ཀྱི་རྩོད་གླེང་ཞིག་ཡིན་འདུག ༢༠ འདི་འདྲའི་བྱ་བར་ངས་རྩད་གཅོད་མ་ཤེས་པས། ཁོར་ཡེ་རུ་ཤ་ལེམ་དུ་སོང་ལ་གཤགས་འབྱེད་པར་དགའ་འམ་དྲིས་པ་དང་། ༢༡ པའུ་ལུས་རྒྱལ་པོ་ཆེན་པོས་ངའི་གཤགས་མཛད་ཕྱིར་འདི་ག་རང་དུ་གཞག་ཕྱིར་ཞུས་པས། ཁོ་རྒྱལ་པོ་ཆེན་པོའི་དྲུང་དུ་མ་སྐྱེལ་བའི་བར་འདིར་འཇོག་པར་དགོས་པ་ཡིན་སྨྲས་པ་དང་། ༢༢ ཨག་རི་པཱས་ཕེས་ཏུ་ལ། ངའང་མི་དེ་ལས་ཐོས་པར་དགའ་འོ་ཟེར་བས། དེས་ཁོང་ལ་སང་ཉིན་གསན་པར་འགྱུར་རོ་ཞེས་སྨྲས་སོ༎
༢༣ དེའི་སང་ཉིན་ཨག་རི་པཱ་དང་བེར་ནི་ཀེ་གཉིས་རྔམ་བརྗིད་དང་ལྡན་པར་འོངས་ནས། སྟོང་དཔོན་ཚོ་དང་གྲོང་ཁྱེར་གྱི་རྩ་ཆེ་བ་དང་མཉམ་དུ་ཁྲིམས་རའི་ནང་དུ་ཞུགས་པ་དང་། ཕེས་ཏུས་བསྒོས་པ་བཞིན་པའུ་ལུའང་ནང་དུ་ཁྲིད་དོ། ༢༤ དེ་ནས་ཕེས་ཏུས། ཀྱེ་རྒྱལ་པོ་ཨག་རི་པཱ་དང་འདིར་ཚོགས་པ་ལྷན་རྒྱས། ཁྱེད་ཀྱིས་གཟིགས་པའི་མི་འདིའི་ཕྱིར་ཡ་ཧུ་དཱ་པ་ཡོངས་ཀྱིས་ཡེ་རུ་ཤ་ལེམ་དང་འདིར་ང་ལ་ཞུ་ཞིང་། ཁོ་གསོན་པོར་གནས་པར་མི་རུང་ཞེས་འབོད་བསྒྲགས་ཀྱང་། ༢༥ ཁོ་གསོད་པར་འོས་པའི་བྱ་བ་ཅི་ཞིག་ཀྱང་བྱས་པ་ངས་མ་བརྙེད་དོ། ཁོས་རྒྱལ་པོ་ཆེན་པོ་ལ་སྙན་འབུལ་ཞུས་པས། ངས་དེར་གཏོང་བར་ཐག་བཅད་དོ། ༢༦-༢༧ ངས་རང་གི་རྗེ་བོ་ལ་མི་འདིའི་སྐོར་གསལ་པོ་ཞིག་འབྲི་རྒྱུ་མེད། བཙོན་པ་ཞིག་ལ་བཀལ་པའི་ཉེས་སྐྱོན་རྣམས་མ་བཤད་པར་རྫོང་བ་ནི་མི་རིགས་པར་སེམས་པས། ཁྱེད་ཚོ་དང་ཁྱད་པར་དུ་རྒྱལ་པོ་ཨག་རི་པཱ་ཁྱེད་ཀྱི་དྲུང་དུ་ཁོ་ཁྲིད་ཡོད་པ་ཡིན་ཏེ། ང་ཚོས་ཞིབ་དཔྱོད་བྱས་པའི་རྗེས་ལ་མདོ་དོན་འབྲི་རྒྱུ་ཞིག་འཐོན་འོང་ཞེས་སྨྲས་སོ༎