མཚང་འབྲུ་མཁན་ཁྱོད་སུ་ཡིན་རུང་། ཁྱོད་ལའང་སྐྱོན་ཡོད། ཁྱོད་རང་གིས་ལས་དེ་རང་བྱེད་པས། གཞན་ལ་མཚང་འབྲུ་བའི་བྱ་བ་དེས་རང་ལའང་ཞལ་ཆེ་གཅོད་དོ།  དེ་བཞིན་སྤྱོད་མཁན་ཚོར་དཀོན་མཆོག་གིས་ཞལ་ཆེ་དྲང་པོར་གཅད་པ་ང་ཚོས་ཤེས་སོ།  རང་གིས་ལས་དེ་རང་སྤྱོད་ཅིང་གཞན་ལ་མཚང་འབྲུ་བ་ཁྱོད། དཀོན་མཆོག་གི་ཞལ་ཆེ་ལས་ཐར་འོང་སེམས་སམ།  ཡང་ན་དཀོན་མཆོག་གི་ཐུགས་རྗེས་ཁྱོད་འགྱོད་ཚངས་ཀྱི་ཕྱོགས་སུ་འཁྲིད་པ་དེ་མི་ཤེས་པར། ཁོང་གི་ཐུགས་རྗེ་དང་། ཐུགས་བཟོད་དང་། ཐུགས་སྣ་རིང་བའི་ལོངས་སྤྱོད་ལ་བརྙས་སམ།  ཁྱོད་ཀྱི་འགྱོད་པ་མི་སྐྱེ་བའི་སྙིང་གྱོང་པོས་དཀོན་མཆོག་གི་ཞལ་ཆེ་གཅོད་པའི་ཐུགས་ཁྲོའི་ཉིན་མོའི་ཕྱིར། ཁྱོད་རང་ལ་ཐུགས་ཁྲོ་སོག་པར་བྱེད་དོ།  ཁོང་གིས་མི་རེ་རེ་ལ་དེའི་ལས་དང་བསྟུན་པའི་འབྲས་བུ་གནང་ཞིང་།  ལས་བཟང་བསྒྲུབ་པར་ཡིད་བརྟན་ཅིང་། རྟག་པའི་དཔལ་དང་བཀུར་སྟི་འཚོལ་མཁན་ལ། ཚེ་མཐའ་མེད་པ་གནང་བར་འགྱུར་རོ།  ཕྱོགས་རིས་བྱེད་མཁན་དང་བདེན་པར་མི་འཛིན་ཅིང་། མི་རིགས་པར་ཉན་མཁན་ལ། ཐུགས་ཁྲོ་དང་ཁྲོ་གཏུམ་འབབ་འོང་།  མི་དགེ་བ་སྤྱོད་པ་དང་པོར་ཡ་ཧུ་དཱ་པ་དང་དེ་ནས་ཧེལ་ལེན་པ་ཐམས་ཅད་ལ་སྡུག་བསྔལ་དང་ཉོན་མོངས་འབབ་འོང་། ༡༠ དགེ་བ་སྤྱོད་པ་དང་པོར་ཡ་ཧུ་དཱ་པ་དང་དེ་ནས་ཧེལ་ལེན་པ་ཐམས་ཅད་ལ་དཔལ་དང་བཀུར་སྟི་དང་ཞི་བདེ་གནང་འོང་། ༡༡ དཀོན་མཆོག་ནི་ཕྱོགས་རིས་མེད་པ་ལགས་སོ། ༡༢ བཀའ་ཁྲིམས་མེད་པར་སྡིག་པ་བྱས་པ་ཚོ་བཀའ་ཁྲིམས་མེད་པས་སྟོངས་པར་འགྱུར། བཀའ་ཁྲིམས་ཡོད་དེ་སྡིག་པ་བྱས་པ་རྣམས་ལ་བཀའ་ཁྲིམས་ཀྱིས་ཞལ་ཆེ་གཅད་པར་འགྱུར། ༡༣ དཀོན་མཆོག་གི་དྲུང་དུ་བཀའ་ཁྲིམས་ཐོས་པ་ཚོ་མི་ཐར། བཀའ་ཁྲིམས་སྒྲུབ་པ་ཚོ་ཐར་རོ། ༡༤ ཕྱི་པ་ཚོས་རང་བཞིན་གྱིས་བཀའ་ཁྲིམས་ཀྱི་ལས་བྱེད་ཚེ། བཀའ་ཁྲིམས་ཀྱི་མདོ་མེད་ཀྱང་དེ་ཚོའི་ནང་བཀའ་ཁྲིམས་འདུག་གོ། ༡༥ དེ་ཚོའི་ཤེས་བཟང་*གིས་དཔང་པོ་བྱེད་དེ། དེ་ཚོའི་བསམ་པས་སྐྱོན་ཡོད་མེད་འབྱེད་ཅིང་། བཀའ་ཁྲིམས་ནི་དེ་ཚོའི་སྙིང་ནང་བྲིས་ཡོད་པར་སྟོན་ནོ། ༡༦ ངས་འཆད་པའི་ཕྲིན་བཟང་ལྟར། དཀོན་མཆོག་གིས་ཡེ་ཤུ་མཱ་ཤི་ཀའི་ངང་ན། མིའི་གསང་བ་རྣམས་ཀྱི་ཞལ་ཆེ་གཅོད་པའི་ཉིན་མོར། དེ་དག་གསལ་བར་འགྱུར་རོ༎
༡༧ གལ་ཏེ་ཁྱོད་ཡ་ཧུ་དཱ་པའི་མིང་འཁུར་ཞིང་། བཀའ་ཁྲིམས་ལ་བརྟེན་ཏེ། དཀོན་མཆོག་ངོམ་མཁན་ཡིན་ན། ༡༨ ཡང་ཁོང་གི་ཐུགས་དགོངས་ཤེས་ཤིང་། བཀའ་ཁྲིམས་རྟོགས་ཏེ། བཟང་པོ་ལ་དགའ་མཁན་ཞིག་ཡིན་ན། ༡༩ ཡང་ལོང་བའི་ལོང་འཁྲིད་དང་། མུན་པ་རྣམས་ཀྱི་འོད་དང་། ༢༠ བླུན་པོའི་སློབ་དཔོན་དང་། བྱིས་པའི་དགེ་རྒན་དང་། བཀའ་ཁྲིམས་ནང་ཡོན་ཏན་དང་བདེན་པ་ཉིད་ཀྱི་དཔེ་བྱད་ཡོད་པ་ལ་ཁ་ཕོ་བྱེད་མཁན་ཡིན་ན། ༢༡ གཞན་ལ་སློབ་ཀྱང་རང་ལ་མི་སློབ་བམ། གཞན་ལ་མ་རྐུ་ཞེས་སློབ་ཀྱང་རང་གིས་རྐུའོ། ༢༢ ལོག་པར་མ་གཡེམ་ཟེར་ཡང་རང་གིས་ལོག་པར་གཡེམ་མོ། སྐུ་འདྲ་ལ་ཞེན་ལོག་ཀྱང་རང་གིས་ལྷ་ཁང་འཕྲོག་གོ། ༢༣ བཀའ་ཁྲིམས་ངོམ་ཡང་བཀའ་ཁྲིམས་འཆལ་ཞིང་། དཀོན་མཆོག་ལ་སྨད་དོ། ༢༤ ཁྱོད་ཀྱི་རྐྱེན་གྱིས་ཕྱི་པ་ཚོས་དཀོན་མཆོག་ལ་སྐུར་པ་འདེབས་སོ་ཞེས་མདོ་ན་བྲིས་སོ༎
༢༥ གལ་ཏེ་ཁྱོད་ཀྱིས་བཀའ་ཁྲིམས་སྲུང་ན། ཡ་ཧུ་དཱ་པའི་རྟགས་*ཕན་ནོ། ཇི་སྟེ་བཀའ་ཁྲིམས་འཆལ་ན། རྟགས་ཡོད་པ་དེ་མེད་པར་གྱུར་ཏོ། ༢༦ རྟགས་མེད་པ་དེས་བཀའ་ཁྲིམས་སྲུང་ན། རྟགས་མེད་ཀྱང་ཡོད་པ་དང་འདྲ་བར་མི་རྩིའམ། ༢༧ ལུས་ཁར་རྟགས་མེད་ཀྱང་བཀའ་ཁྲིམས་སྲུང་བ་དེས། མདོ་དང་རྟགས་ཡོད་མཁན་གྱི་བཀའ་ཁྲིམས་ལས་འགལ་བ་ཁྱོད་ལ་ཞལ་ཆེ་གཅོད་འོང་། ༢༨ ཅིའི་ཕྱིར་ཞེ་ན། ཕྱིའི་ཚུལ་གྱིས་ཡ་ཧུ་དཱ་པར་མི་འགྱུར། ཕྱི་དང་ལུས་ཀྱི་ཚུལ་གྱིས་རྟགས་དང་ལྡན་པས་ཀྱང་མ་ཡིན། ༢༩ ནང་ན་ཡིན་པ་དེ་ཡ་ཧུ་དཱ་པ་ཡིན། སྙིང་ན་ཡོད་པ་དེ་རྟགས་དང་ལྡན་པ་ཡིན་ཅིང་། ཡི་གེ་ཙམ་མ་ཡིན་པར་སེམས་ཉིད་ཀྱི་བྱ་བ་ཡིན་ནོ། དེ་འདྲ་ལ་བསྟོད་པ་མི་ནས་མི་འབྱུང་ཡང་དཀོན་མཆོག་ནས་འབྱུང་ངོ་༎