༣
རྟགས་ཀྱི་ཕན་པ་ཅི་འདུག ༢ གང་ས་ནས་ཕན་ཐོགས་ཆེ་སྟེ། ཁྱད་པར་དུ་དཀོན་མཆོག་གི་བཀའ་ཐམས་ཅད་ཡ་ཧུ་དཱ་པར་བཅོལ་བ་ཡིན། ༣ ཁ་ཅིག་དམ་ཚིག་ཉམས་ན། མི་དེའི་དམ་ཚིག་ཉམས་པ་དེས་དཀོན་མཆོག་གི་དམ་ཚིག་དེ་ཉམས་པར་བྱའམ། ༤ དེ་མི་སྲིད་དེ་མདོ་ན།ཁྱེད་ནི་ཉིད་ཀྱི་བཀའ་ལ་བརྟན༎
ཁྱེད་ཀྱི་ཞལ་ཆེ་དྲང་ཞིང་རྒྱལ༎
ཞེས་བྲིས་པ་ལྟར། དཀོན་མཆོག་ནི་བདེན་པ་ལགས་ཤིང་། མི་ཐམས་ཅད་ནི་རྫུན་ཅན་ནོ། ༥ གལ་ཏེ་ང་ཚོའི་ངན་པ་དེས་དཀོན་མཆོག་གི་དྲང་བ་ཉིད་ལགས་པ་གསལ་པོར་སྟོན་པའི་རྒྱུར་གྱུར་ན། ང་ཚོས་གང་ཟེར། ངས་འདི་མིའི་ལུགས་སུ་ཟེར། ང་ཚོར་ཁྲོ་གཏུམ་འབེབས་པའི་དཀོན་མཆོག་དྲང་པོ་མ་ཡིན་ནམ། ༦ དེ་མི་སྲིད། དེ་མིན། དཀོན་མཆོག་གིས་འཇིག་རྟེན་གྱི་ཞལ་ཆེ་ཅི་ལྟར་གཅོད་པར་འགྱུར། ༧ གལ་ཏེ་ངའི་རྫུན་གྱིས་དཀོན་མཆོག་གི་བདེན་པ་ཉིད་སྟོན་ཞིང་ཁོང་གི་དཔལ་བརྗིད་རྒྱས་ན། ད་དུང་ཡང་ང་ལ་སྡིག་ཅན་ལྟར་ཞལ་ཆེ་ཅིའི་ཕྱིར་གཅོད། ༨ བཟང་པོ་འབྱུང་བའི་ཕྱིར་ལས་ངན་བྱའོ་ཞེས་ང་ཚོའི་སྨྲའོ་ཟེར་ཞིང་། ལ་ལས་ང་ཚོར་གཏམ་ངན་གཏོང་བས། དེ་ཚོར་ཁྲིམས་འཕོག་འོས་སོ༎
༩ འོ་ན་ང་ཚོ་ཡ་ཧུ་དཱ་པ་གཞན་ལས་འཕགས་སམ། ཇི་ནས་ཀྱང་མ་འཕགས། ང་ཚོས་ཡ་ཧུ་དཱ་པ་དང་ཧེལ་ལེན་པ་ཐམས་ཅད་སྡིག་པའི་འོག་ན་ཡོད་པ་བསྟན་ནོ། ༡༠ ཇི་སྐད་མདོ་ན།
དྲང་པོ་གཅིག་ཀྱང་ཡོད་མ་ཡིན༎
༡༡ གོ་བ་ཡོད་པའང་ཡོད་མ་ཡིན༎
དཀོན་མཆོག་འཚོལ་བའང་ཡོད་མ་ཡིན༎
༡༢ ཐམས་ཅད་ལམ་སྟོར་དོན་མེད་སོང་༎
ལས་བཟང་བྱེད་མཁན་གཅིག་ཀྱང་མེད༎
༡༣ ཨོག་མ་དུར་ཁུང་ཁ་གདངས་ཡིན༎
ལྕེ་ལས་གཡོ་སྒྱུ་ཐོ་རོ་རོ༎
ཁ་ལྤགས་འོག་ན་སྦྲུལ་དུག་འདུག།
༡༤ ཁ་ནི་སྨོན་ལོག་ཚིག་ངན་གང་༎
༡༥ མི་སྲོག་གཅོད་དུ་རྐང་པ་མགྱོགས༎
༡༦ ལམ་ནང་འཕུང་དང་བར་ཆད་གདའ༎
༡༧ མཐུན་པའི་ལམ་ཡང་མི་ཤེས་སོ༎
༡༨ སྙིང་ནང་དཀོན་མཆོག་འཇིགས་པ་མེད༎
ཅེས་བྲིས་ཡོད་དོ། ༡༩ བཀའ་ཁྲིམས་ནང་གསུང་བ་ཐམས་ཅད། བཀའ་ཁྲིམས་ཀྱི་འོག་ཏུ་ཡོད་པ་རྣམས་ལ་གསུང་བ་ང་ཚོས་ཤེས། དེ་ནི་འཇིག་རྟེན་ཧྲིལ་པོ་དཀོན་མཆོག་གི་བཀའ་ཆད་ཀྱི་འོག་ཏུ་ཡིན་ཅིང་། ཁ་ཐམས་ཅད་འགེགས་པའི་ཕྱིར་རོ། ༢༠ བཀའ་ཁྲིམས་ཀྱི་ལས་ཀྱི་སྒོ་ནས། སུའང་ཁོང་གི་སྤྱན་སྔར་ཐར་བར་མི་འགྱུར་ཞིང་། བཀའ་ཁྲིམས་ལས་སྡིག་པའི་ངོ་འཕྲོད་དོ༎
༢༡ ད་ལྟ་བཀའ་ཁྲིམས་དང་ལུང་སྟོན་པ་ཚོའི་མདོ་ཡིས་དཔང་པོ་བྱེད་པའི་བཀའ་ཁྲིམས་ལས་སོ་སོར་དཀོན་མཆོག་གི་ཐུགས་རྗེའི་ཞལ་ཆེ་དེ་མངོན་ནོ། ༢༢ ཐུགས་རྗེའི་ཞལ་ཆེ་དེ་ནི། ཡེ་ཤུ་མཱ་ཤི་ཀ་ལ་དད་པའི་སྒོ་ནས། དད་པ་བྱེད་ཚད་ལ་ཁྱད་མེད་པར་བརྙེད་དོ། ༢༣ མི་ཐམས་ཅད་ཀྱིས་སྡིག་པ་བྱས་ནས། དཀོན་མཆོག་གི་དཔལ་དང་བྲལ་ཡང་། ༢༤ ཡེ་ཤུ་མཱ་ཤི་ཀས་ཐར་པ་གནང་བའི་ཐབས་ཀྱིས། ཐར་པ་ནི་དཀོན་མཆོག་གི་ཐུགས་རྗེས་གསོལ་རས་སུ་ཐོབ་བོ། ༢༥ དད་པ་བྱེད་པ་རྣམས་ལ་དཀོན་མཆོག་གིས། ཡེ་ཤུའི་སྐུ་མཚལ་གྱི་ཐབས་ཀྱིས། ཁོང་སྡིག་སེལ་དུ་གནང་ངོ་། དཀོན་མཆོག་གིས་ཉིད་ཀྱི་ཐུགས་བཟོད་ཀྱི་ངང་ནས། ང་ཚོས་སྔར་བྱས་པའི་སྡིག་པར་མ་གཟིགས་པས། ཉིད་དྲང་པོར་ལགས་པར་སྟོན་ནོ། ༢༦ ཡེ་ཤུ་ལ་དད་མཁན་ཚོ་ཐར་འཇུག་ཅིང་། ད་ལྟའང་ཉིད་དྲང་པོ་ལགས་པར་སྟོན་ནོ། ༢༧ ད་ངོམ་རྒྱུ་ག་རེ་ཡོད། དེ་ནི་མེད་པར་སོང་། རྐྱེན་གང་གིས་མེད་པར་སོང་། ལས་ཀྱི་རྐྱེན་གྱིས་བྱས་སམ། དེ་མིན། དད་པའི་རྐྱེན་གྱིས་སོ། ༢༨ བཀའ་ཁྲིམས་ལྟར་གྱི་ལས་ཀྱིས་མ་ཡིན་པར། དད་པའི་རྐྱེན་གྱིས་ཐར་བར་འཛིན་ནོ། ༢༩ དཀོན་མཆོག་ནི་ཡ་ཧུ་དཱ་པ་འབའ་ཞིག་གི་ཡིན་ནམ། ཕྱི་པའི་ཡང་མ་ཡིན་ནམ། ཕྱི་པའི་ཡང་ཡིན་ནོ། ༣༠ དེ་ལྟར་ཡ་ཧུ་དཱ་པ་དད་པའི་རྐྱེན་གྱིས་ཐར་བར་མཛད་ཅིང་། ཕྱི་པའང་དད་པའི་རྐྱེན་གྱིས་ཐར་བར་མཛད་པའི་དཀོན་མཆོག་གཅིག་གོ། ༣༡ དེ་ནས་དད་པ་འདིས་བཀའ་ཁྲིམས་སྟོངས་པར་བྱེད་དམ། དེ་མི་སྲིད། བཀའ་ཁྲིམས་བརྟན་པར་བྱེད་དོ༎