ང་ཚོའི་མེས་པོ་ཨབ་ར་ཧམ་གྱི་སྐོར་ལ་ཅི་སྨྲ།  ཨབ་ར་ཧམ་ལས་ཀྱི་སྒོ་ནས་རྣམ་དག་ཏུ་གྱུར་པ་ཡིན་ན་ངོམ་རྒྱུ་ཡོད། འོན་ཀྱང་དཀོན་མཆོག་གི་དྲུང་དུ་དེ་ལྟར་མིན།  མདོ་ན་ཅི་གསུང་། ཨབ་ར་ཧམ་གྱིས་དཀོན་མཆོག་ལ་དད་པ་བྱས་པས། དེ་ནི་ཁོའི་ཕྱིར་ཐར་བའི་རྒྱུར་བརྩིས་སོ་གསུངས་སོ།  ལས་བྱེད་པའི་མིའི་གླ་ནི་གསོལ་རས་སུ་མི་རྩི་ཡི། ཐོབ་འོས་སུ་རྩིའོ།  ལས་མི་བྱེད་ཀྱང་། ཆོས་ལ་མི་སྟེན་མཁན་ཐར་འཇུག་མཁན་དེ་ལ་དད་པ་བྱེད་ན། དད་པ་དེ་ཁོའི་ཐར་པའི་རྒྱུར་རྩིའོ།  དེ་ལྟར་ལས་ལ་མ་སྟེན་པར་དཀོན་མཆོག་གིས་ཐར་བར་བརྩིས་པའི་མི་ལ་བཀྲ་ཤིས་རྗོད་ཅིང་དཱ་བིད་ཀྱིས་འདི་སྐད་གསུངས་སོ༎
 སུ་ཡི་ཉེས་པ་བསལ་མཛད་དེ༎
ཉེས་སྡིག་སེལ་བའི་མི་རྣམས་བདེའོ༎
 སུ་ཡི་སྡིག་པ་གཙོ་བོ་ཡིས༎
རྩི་བར་མི་འགྱུར་མི་རྣམས་བདེའོ༎
 ཤིས་རྗོད་འདི་ཡ་ཧུ་དཱ་པའི་རྟགས་ལྡན་པ་ལ་ཡིན་ནམ། ཡང་ན་མི་ལྡན་པ་ལ་ཡིན། ཨབ་ར་ཧམ་གྱི་དད་པ་ནི་ཐར་པའི་རྒྱུར་བརྩིས་སོ་ཟེར་བས། ༡༠ རྟགས་དང་ལྡན་དུས་སུ་བརྩིས་སམ། མི་ལྡན་པའི་དུས་སུ་བརྩིས། ལྡན་པའི་དུས་སུ་མིན་ཏེ། མི་ལྡན་པའི་དུས་སུ་བརྩིས་སོ། ༡༡ ཁོ་རྟགས་དང་མི་ལྡན་པའི་དུས་སུ། དད་པའི་སྒོ་ནས་ཐར་པ་བརྙེས་པའི་ཕྱག་རྒྱ་རུ་རྟགས་དེ་ཐོབ་པས། རྟགས་དང་མི་ལྡན་ཡང་དད་པ་བྱེད་པ་ཚོར་ཐར་པ་ཐོབ་པའི་ཕྱིར། ཁོ་ནི་དེ་ཚོའི་མེས་པོར་གྱུར་པ་མ་ཟད། ༡༢ རྟགས་དང་ལྡན་པ་ཚོའི་མེས་པོ་ལའང་གྱུར་ཏོ། དེ་ནི་དེ་ཚོ་རྟགས་འབའ་ཞིག་དང་ལྡན་པས་མ་ཡིན་པར། ཨབ་ར་ཧམ་ལ་རྟགས་དང་མི་ལྡན་པའི་དུས་སུ་བརྙེས་པའི་དད་པ་ལ་འབྲངས་པས་སོ༎
༡༣ ཨབ་ར་ཧམ་དང་དེའི་བུ་བརྒྱུད་ལ། ས་གཞིའི་བདག་པོར་འགྱུར་བའི་ཞལ་ཆད་དེ་ནི། བཀའ་ཁྲིམས་ཀྱི་ཐབས་ཀྱིས་མ་བརྙེས་ཀྱིས། དད་པ་བྱེད་པ་ལ་ཐུགས་རྗེའི་ཞལ་ཆེའི་ཐབས་ཀྱིས་བརྙེས་པ་ཡིན། ༡༤ བཀའ་ཁྲིམས་ལ་བརྟེན་པ་བདག་པོར་འགྱུར་ན། དད་པ་ནི་ཕན་མེད་དང་ཞལ་ཆེ་ནི་དོན་མེད་དོ། ༡༥ བཀའ་ཁྲིམས་ཀྱིས་ཐུགས་ཁྲོ་སྐྱེད། བཀའ་ཁྲིམས་མེད་ན་འགལ་བའང་མེད་དོ། ༡༦ བཀའ་ཁྲིམས་ལ་བརྟེན་མཁན་མ་ཟད། དད་པ་རྒྱུད་ནས་ཨབ་ར་ཧམ་གྱི་བུ་བརྒྱུད་ཡིན་པ་ཐམས་ཅད་ལའང་ཞལ་ཆད་བརྟན་པ། ཐུགས་རྗེ་ལ་རག་ལས་པའི་ཕྱིར། བྱ་བ་ཐམས་ཅད་དད་པ་ལ་རག་ལས་སོ། ༡༧ ངས་ཁྱོད་མི་བརྒྱུད་མང་པོའི་ཕ་བྱས་སོ་ཞེས་བྲིས་ཡོད་པ་བཞིན། ཁོང་ང་ཚོ་ཐམས་ཅད་ཀྱི་མེས་པོར་གྱུར། གཤིན་པོ་གསོན་པོར་མཛད་མཁན་དང་། མེད་པ་ཡོད་པར་མཛད་པའི་དཀོན་མཆོག་གི་དྲུང་དུ་དད་པ་བྱས་པས། ༡༨ ཁྱོད་ཀྱི་བུ་བརྒྱུད་དེ་ལྟར་ཡོང་བར་འགྱུར་རོ་ཞེས་པའི་གསུང་བཞིན་དུ། མི་བརྒྱུད་མང་པོའི་མེས་པོར་འགྱུར་ཕྱིར། རེ་བའི་རྒྱུ་མེད་བཞིན་དུ་དད་པའི་རྐྱེན་གྱིས་རེ་བ་བྱས་སོ། ༡༩ ཁོང་ལོ་བརྒྱ་ཙམ་ལོན་ཏེ་ལུས་རོ་དང་འདྲ་བ་དང་། མ་ས་རཱའི་རབས་ཆད་མ་ལ་བལྟས་ཀྱང་དད་པ་མ་ཉམས་ཤིང་། ༢༠ དཀོན་མཆོག་གི་ཞལ་ཆད་ལ་ཐེ་ཚོམ་མ་བྱས་པ་མ་ཟད། དད་པ་འཕེལ་ཏེ་དཀོན་མཆོག་ལ་བསྟོད་བསྔགས་སོ། ༢༡ དཀོན་མཆོག་གིས་ཞལ་གྱིས་ཇི་བཞེས་པ་མཛད་ནུས་པར་ཡིད་ཡོངས་སུ་ཆེས་པས། ༢༢ ཁོའི་ཕྱིར་ཐར་པའི་རྒྱུར་བརྩིས་སོ༎
༢༣ བརྩིས་སོ་ཞེས་པའི་གསུང་དེ་ཁོ་གཅིག་པོ་མ་ཟད། ༢༤ གཙོ་བོ་ཡེ་ཤུ་སྐུ་གསོན་པོར་བསླངས་པ་ཁོང་ལ་དད་པ་བྱེད་མཁན་ང་ཚོའི་ཕྱིར་དུའང་བྲིས་པ་ཡིན། ༢༥ ང་ཚོའི་སྡིག་པའི་ཕྱིར་ཁོང་འཆི་བར་བཏད། ང་ཚོ་ཐར་འཇུག་པའི་ཕྱིར་ཁོང་སྐུ་གསོན་པོར་བསླངས་པ་ཡིན་ནོ༎