དེ་ལྟར་ང་ཚོ་དད་པའི་སྒོ་ནས་ཐར་ཞིང་། ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ངང་ནས། ང་ཚོ་དཀོན་མཆོག་དང་བསྡུམས་པ་ཡིན།  ཁོང་རྒྱུད་ནས་ད་ལྟའི་ཐུགས་རྗེའི་གནས་ལུགས་སུ་ང་ཚོ་བསླེབས་ཏེ། དཀོན་མཆོག་གི་དཔལ་བརྗིད་ལ་ལོངས་སྤྱོད་པར་རེ་ཞིང་དགའ་མགུ་རང་ངོ་། ༣-༤ དེས་མ་ཟད་སྡུག་བསྔལ་ལས་བཟོད་སེམས་དང་། བཟོད་སེམས་ལས་ཉམས་ལེན་དང་། ཉམས་ལེན་ལས་རེ་བ་འབྱུང་བ་ཤེས་པས། སྡུག་བསྔལ་གྱི་ནང་དུའང་ང་ཚོ་དགའ་མགུ་རང་ངོ་།  ང་ཚོར་གནང་ཡོད་པའི་ཐུགས་ཉིད་ཀྱིས། ང་ཚོའི་སྙིང་ནང་དཀོན་མཆོག་གི་བྱམས་པའི་བདུད་རྩི་བླུགས་པས། བློ་ཕམ་མེད་པར་རེ་བ་བྱེད་དོ།  ང་ཚོ་བྱ་ཐབས་ཟད་པའི་ཚེ། དུས་ཁར་མཱ་ཤི་ཀ་ནི་ཆོས་ལ་མི་བསྟེན་མཁན་ཚོའི་དོན་དུ་གྲོངས།  མི་བཟང་པོ་ཞིག་གི་ཕྱིར་སྲོག་གཏོང་སྲིད་ནའང་། དྲང་པོ་ཞིག་གི་དོན་དུ་སྲོག་གཏོང་བ་དཀའ།  ང་ཚོ་སྡིག་ཅན་ཡིན་ཙ་ན། མཱ་ཤི་ཀས་ང་ཚོའི་དོན་དུ་སྐུ་སྲོག་གནང་ནས། དཀོན་མཆོག་གིས་ཉིད་ཀྱི་བྱམས་པ་ང་ཚོར་བསྟན་པར་མཛད་དོ།  ཁོང་གི་སྐུ་ཁྲག་གིས་རྣམ་དག་མཛད་པས། ཁོང་གིས་དཀོན་མཆོག་གི་ཐུགས་ཁྲོ་ལས་ཅི་ནས་ཀྱང་ཐར་བར་མཛད་པར་འགྱུར་རོ། ༡༠ ང་ཚོ་དགྲ་བོ་ཡིན་ཙ་ན། དཀོན་མཆོག་གི་སྲས་ཀྱི་སྐུ་སྲོག་གནང་བའི་སྒོ་ནས། དཀོན་མཆོག་དང་བསྡུམས་པ་ཡིན་ན། བསྡུམས་པའི་དབང་གིས་ཁོང་གི་གསོན་པ་ཉིད་ཀྱི་སྒོ་ནས་ང་ཚོ་ལོས་ཀྱང་ཐར་བར་མཛད་པར་འགྱུར། ༡༡ དེ་མ་ཟད་ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀས། ད་ང་ཚོ་དཀོན་མཆོག་དང་བསྡུམས་པས། ང་ཚོས་དཀོན་མཆོག་ལ་ཡི་རང་ངོ་༎
༡༢ མི་གཅིག་གི་རྐྱེན་གྱིས་འཇིག་རྟེན་ནང་སྡིག་པ་བྱུང་། སྡིག་པའི་རྐྱེན་གྱིས་འཆི་བའང་བྱུང་བས། དེ་ལྟར་མི་ཐམས་ཅད་ཀྱིས་སྡིག་པ་བྱས་པས། ཐམས་ཅད་ནང་འཆི་བའང་དར་རོ། ༡༣ བཀའ་ཁྲིམས་མ་གནང་བའི་བར་དུ་བཀའ་ཁྲིམས་མེད་པས། འཇིག་རྟེན་ན་སྡིག་པ་ཡོད་ཀྱང་སྡིག་པར་མ་བརྩིས་སོ། ༡༤ འོན་ཀྱང་ཨ་དམ་ནས་མོ་ཤེ་ཐུག་ཨ་དམ་གྱིས་སྡིག་པ་བྱས་པ་ཙམ་སྡིག་པ་མ་བྱས་པ་རྣམས་ལའང་འཆི་བས་དབང་ངོ་། ཨ་དམ་ནི་འབྱོན་པར་འགྱུར་བ་དེའི་དཔེ་ཡིན་ཞིང་། ༡༥ ཐུགས་རྗེའི་གནང་སྦྱིན་ནི་སྡིག་པ་དང་མི་འདྲ་སྟེ། མི་གཅིག་གི་སྡིག་པའི་རྐྱེན་གྱིས་མང་པོ་ཤི་ཞིང་། ཡེ་ཤུ་མཱ་ཤི་ཀ་སྐྱེས་བུ་གཅིག་གི་ཐུགས་རྗེའི་རྐྱེན་གྱིས། དཀོན་མཆོག་གི་ཐུགས་རྗེ་དང་གསོལ་རས་མི་མང་པོ་ལ་ལྷུག་པར་འབྱུང་ངོ་། ༡༦ མི་གཅིག་པོ་དེའི་སྡིག་པའི་འབྲས་བུ་དང་གནང་སྦྱིན་མི་འདྲ་སྟེ། བཀའ་ཁྲིམས་ཀྱི་སྒོ་ནས་གཅིག་གི་རྐྱེན་གྱིས་ཆད་པ་ཕོག གནང་སྦྱིན་གྱི་སྒོ་ནས་སྡིག་པ་མང་པོར་ཐར་པ་བྱུང་། ༡༧ གཅིག་གི་སྡིག་པའི་རྐྱེན་གྱིས་འཆི་བས་དབང་ན། ཡེ་ཤུ་མཱ་ཤི་ཀ་གཅིག་པུའི་རྐྱེན་གྱིས་ཐུགས་རྗེ་དང་ཐར་པའི་གནང་སྦྱིན་ལྷུག་པར་ཐོབ་པ་རྣམས་ཀྱིས་ཚེ་མཐའ་མེད་པར་ལྷག་པར་དབང་བར་འགྱུར་རོ། ༡༨ སྡིག་པ་གཅིག་གི་རྐྱེན་གྱིས་ཐམས་ཅད་ལ་ཆད་པ་ཕོག་པ་ལྟར། ཐར་དུ་འཇུག་པ་གཅིག་གི་རྐྱེན་གྱིས་ཐམས་ཅད་ཐར་ཞིང་ཚེ་མཐའ་མེད་པ་ཐོབ། ༡༩ གཅིག་གི་བཀའ་ལ་མ་ཉན་པས། ཐམས་ཅད་སྡིག་ཅན་གྱུར་པ་ལྟར། གཅིག་གིས་བཀའ་ལ་ཉན་པས། ཐམས་ཅད་ཐར་བར་འགྱུར་རོ། ༢༠ བཀའ་ཁྲིམས་བར་མཚམས་སུ་བྱུང་ནས་སྡིག་པ་འཕེལ། འོན་ཀྱང་སྡིག་པ་འཕེལ་སར་ཐུགས་རྗེ་ལྷག་པར་འཕེལ་བས། ༢༡ སྡིག་པས་འཆི་བའི་སྒོ་ནས་དབང་བ་ལྟར། ཐུགས་རྗེས་ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་སྒོ་ནས། ཚེ་མཐའ་མེད་པ་གནང་ཕྱིར། ཐར་པའི་སྒོ་ནས་དབང་བར་འགྱུར་རོ༎