༦
ད་ཅི་སྨྲ། ཐུགས་རྗེ་རྒྱས་པར་ཐོབ་ཕྱིར་སྡིག་པ་ངེས་པར་གསོག་དགོས་སམ། ༢ དེ་ལྟར་མ་ཡིན། ང་ཚོ་སྡིག་པ་ལ་བརྟེན་ནས་ཤི་ཟིན་ན། ད་དེའི་ནང་ཅི་ལྟར་འཚོ་སྲིད། ༣ ང་ཚོ་ཡེ་ཤུ་མཱ་ཤི་ཀ་དང་གཅིག་ཏུ་གྱུར་བའི་ཁྲུས་གསོལ་ལེན་ཚད་ཀྱིས། ཁོང་གྲོངས་པའི་ངང་ལ་ལེན་པར་མི་ཤེས་སམ། ༤ ཁྲུས་གསོལ་དེའི་སྒོ་ནས་ང་ཚོ་ཁོང་དང་མཉམ་དུ་ཤི་ནས་དུར་དུ་བཅུག་པ་ཡིན་པས། མཱ་ཤི་ཀ་ནི་ཡབ་ཀྱི་མཐུས་གཤིན་པོའི་ནང་ནས་སྐུ་གསོན་པོར་བསླངས་པ་ལྟར། ང་ཚོས་མི་ཚེ་གསར་པ་བསྐྱང་དགོས། ༥ ཁོང་གྲོངས་པ་དང་མཚུངས་པར་ང་ཚོ་ཤི་ནས་ཁོང་དང་གཅིག་གྱུར་ན། སྐུ་གསོན་པོར་བཞེངས་པ་ལའང་གཅིག་གྱུར་འོང་། ༦-༧ ཤི་བ་དེ་སྡིག་པ་ལས་ཐར་བ་ཡིན་པས། ད་ཕྱིན་ཆད་སྡིག་པའི་གཡོག་མི་བྱེད་པ་དང་། སྡིག་ཅན་གྱི་ལུས་འདི་མེད་པར་བྱེད་དུ། ང་ཚོའི་གང་ཟག་རྙིང་པ་ཁོང་མཉམ་བརྐྱངས་པ་*ཡིན་པ་ཤེས་སོ། ༨ ང་ཚོ་མཱ་ཤི་ཀ་དང་མཉམ་དུ་ཤི་བ་ཡིན་ན། ཁོང་མཉམ་འཚོ་བ་ལའང་ཡིད་ཆེས་སོ། ༩ མཱ་ཤི་ཀ་གཤིན་པོའི་ནང་ནས་སྐུ་གསོན་པོར་བཞེངས་ནས་འཆི་བའི་དབང་དུ་མེད་པས་སླར་མི་འགྲོང་ངོ་། ༡༠ ཁོང་སྡིག་པའི་ཕྱིར་ལན་ཅིག་གྲོངས་ཀྱང་། དཀོན་མཆོག་གི་ཕྱིར་གསོན་པོར་བཞུགས་པ་ང་ཚོས་ཤེས་སོ། ༡༡ དེ་བཞིན་དུ་ཁྱེད་ཀྱང་མཱ་ཤི་ཀ་ཡེ་ཤུའི་ངང་ན་སྡིག་པ་ལ་ལྟ་སྟེ་ཤི་མཁན་དང་། དཀོན་མཆོག་ལ་ལྟ་སྟེ་གསོན་པ་ཡིན་པར་རྩིས་ཤིག༡༢ འདོད་པའི་དབང་དུ་མི་འགྲོ་བའི་ཕྱིར། སྡིག་པས་ཁྱེད་ཀྱི་ཟག་ཕུང་ལ་སྲིད་དབང་བྱེད་དུ་མ་འཇུག ༡༣ རང་གི་ཡན་ལག་ཀྱང་སྡིག་པར་སྤྱོད་པའི་ལོག་པའི་ལག་ཆར་མ་གཏོད་པར་ཤི་ནས་གསོན་པོ་ཡིན་པའི་ཚུལ་དུ། རང་ཉིད་དཀོན་མཆོག་ལ་ཕུལ་ཏེ། ཡན་ལག་ཀྱང་དྲང་བ་ཉིད་ཀྱི་ལག་ཆར་འགྱུར་ཕྱིར་དཀོན་མཆོག་ལ་ཕུལ་ཅིག ༡༤ ཅིའི་ཕྱིར་ཞེ་ན། ཁྱེད་བཀའ་ཁྲིམས་ཀྱི་འོག་ན་མེད་པར་ཐུགས་རྗེའི་འོག་ཏུ་ཡོད་པས། ཁྱེད་ལ་སྡིག་པས་སྲིད་བྱེད་པར་མི་འགྱུར་རོ༎
༡༥ འོ་ན་ང་ཚོ་བཀའ་ཁྲིམས་ཀྱི་འོག་ན་མེད་པར་ཐུགས་རྗེའི་འོག་ཏུ་ཡོད་པས་སྡིག་པ་བྱའམ། དེ་མ་ཡིན་ནོ། ༡༦ གང་ལ་གཡོག་བྱེད་དུ་རང་གཏད་ན། དེའི་གཡོག་པོ་ཡིན་པ་མི་ཤེས་སམ། སྡིག་པའི་གཡོག་གིས་འཆི་བ་དང་། དཀོན་མཆོག་གི་གཡོག་གིས་ཐར་པ་འབྱུང་། ༡༧ སྔར་སྡིག་པའི་གཡོག་པོ་ཡིན་ཀྱང་། ཁྱེད་ལ་གཏད་པའི་བསྟན་པ་ལ་སྙིང་ནས་ཉན་ཞིང་། ༡༨ ཁྱོད་སྡིག་པའི་དབང་ལས་བསྒྲལ་ཏེ། རྣམ་པར་དག་པའི་གཡོག་པོར་གྱུར་བས། དཀོན་མཆོག་ལ་གཏང་རག་འབུལ་ལོ། ༡༩ ཁྱེད་ཤེས་སྟོབས་དམན་པས་ངས་མིའི་ལུགས་སུ་སྨྲའོ། སྔར་ཉེས་པ་བྱེད་ཕྱིར་ཁྱེད་ཀྱི་ཡན་ལག་རྣམས་མི་གཙང་བ་དང་མི་རིགས་པར་བཏད་པ་ལྟར། ད་དམ་པར་འགྱུར་ཕྱིར་ཡན་ལག་རྣམས་རྣམ་པར་དག་པའི་གཡོག་བྱེད་དུ་ཕུལ་ཅིག ༢༠ ཁྱེད་སྡིག་པའི་གཡོག་བྱེད་དུས་སུ་རྣམ་པར་དག་པ་ལས་བྲལ་ཡོད་པ་ཡིན། ༢༡ དེའི་དུས་སུ་འབྲས་བུ་ཅི་ཐོབ། དེའི་མཐའ་མ་འཆི་བ་ཡིན་པས། ད་ལྟ་དེ་ལ་ངོ་ཚའོ། ༢༢ ད་ལྟ་སྡིག་པའི་དབང་ལས་བསྒྲལ་ནས། དཀོན་མཆོག་གི་གཡོག་པོ་ཡིན་ཏེ། དམ་པར་འགྱུར་བའི་འབྲས་བུ་ཐོབ། དེའི་མཐའ་མ་ཚེ་མཐའ་མེད་པའོ། ༢༣ སྡིག་པའི་འབྲས་བུ་ནི་འཆི་བ་ཡིན། དཀོན་མཆོག་གི་གནང་སྦྱིན་ནི་ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ནང་ཡོད་པའི་ཚེ་མཐའ་མེད་པའོ༎