༧
ངས་བཀའ་ཁྲིམས་ཤེས་པའི་སྤུན་ཁྱེད་ཚོར་སྨྲའོ། མི་ཞིག་གསོན་རིང་བཀའ་ཁྲིམས་ཀྱིས་འཆིང་བ་མི་ཤེས་སམ། ༢ ཁྱོ་ཡོད་པའི་བུད་མེད་ནི་ཁྱོ་གསོན་རིང་དུ་ཁྲིམས་ཀྱིས་དེ་ལ་འཆིང་ཡང་། ཁྱོ་ཤི་ན་བུད་མེད་དེ་ཁྲིམས་དེ་ལས་ཐར་རོ། ༣ ཁྱོ་གསོན་རིང་སྐྱེས་པ་གཞན་དང་འགྲོགས་ན་གཡེམ་མོ་ཟེར། ཁྱོ་ཤི་ན་ཁྲིམས་ལས་ཐར་བས། སྐྱེས་པ་གཞན་དང་འགྲོགས་ན་གཡེམ་མོར་མི་རྩིའོ། ༤ དེ་ལྟར་ངའི་སྤུན་ཚོ། མཱ་ཤི་ཀའི་སྐུ་ལུས་ཀྱི་ཐབས་ཀྱིས་ཁྱེད་ཀྱང་བཀའ་ཁྲིམས་ལ་བརྟེན་ནས་ཤི་བ་ནི། དཀོན་མཆོག་གི་ཕྱིར་འབྲས་བུ་སྐྱེད་ཕྱིར། གཤིན་པོའི་ཁྲོད་ལས་སྐུ་གསོན་པོར་བཞེངས་པའི་ཡེ་ཤུ་དང་འགྲོགས་ཕྱིར་རོ། ༥ ང་ཚོ་འཇིག་རྟེན་པ་ལྟར་ཡིན་ཙ་ན། བཀའ་ཁྲིམས་ཀྱི་རྐྱེན་གྱིས་བྱུང་བའི་འདོད་པས་འཆི་བའི་འབྲས་བུ་སྐྱེད་པའི་ཕྱིར་ང་ཚོའི་ཡན་ལག་ཚོ་བསྐུལ་ཏོ། ༦ ལུགས་རྙིང་པ་ལྟར་བཀའ་ཁྲིམས་ཀྱི་ཡི་གེའི་འབངས་ལྟར་མི་བྱེད་པར། ཐུགས་ཉིད་ཀྱི་ལུགས་གསར་པ་ལྟར་འབངས་བྱེད་པའི་ཕྱིར། ང་ཚོ་འཆིང་བ་དེ་ལ་ལྟ་སྟེ་ཤི་ནས་ད་ལྟ་བཀའ་ཁྲིམས་ལས་ཐར་ཏོ༎༧ ད་ཅི་སྨྲ། བཀའ་ཁྲིམས་སྡིག་པ་ཡིན་ནམ། དེ་མ་ཡིན་ནོ། བཀའ་ཁྲིམས་མེད་པ་ཡིན་ན། ངས་སྡིག་པ་མ་ཤེས་པ་ཡིན། བཀའ་ཁྲིམས་ཀྱིས་མ་སྲེད་ཅིག་མ་བསྒོ་བ་ཡིན་ན། ངས་ཆགས་སྲེད་གང་ཡིན་པ་མ་ཤེས་པ་ཡིན། ༨ བཀའི་ཐབས་ཀྱིས་སྡིག་པས་ངའི་ནང་དུ་ཆགས་སྲེད་སྣ་ཚོགས་བསྐྱེད་དོ། བཀའ་ཁྲིམས་མེད་པ་ཡིན་ན་སྡིག་པ་རོ་ལྟར་ཡིན། ༩ དུས་ཤིག་ན་ང་བཀའ་ཁྲིམས་མེད་པར་འཚོ་ཡང་། བཀའ་ཁྲིམས་བྱུང་བ་དང་སྡིག་པ་གསོན་ནས་ང་ཤིའོ། ༡༠ ང་གསོན་ཕྱིར་ཡིན་པའི་བཀའ་དེ་རང་ང་འཆི་བའི་རྐྱེན་དུ་གྱུར་པར་མཐོང་ངོ་། ༡༡ བཀའི་ཐབས་ཀྱིས་སྡིག་པས་ང་བསླུས་ནས་བསད་དོ། ༡༢ དེ་ལྟར་བཀའ་ཁྲིམས་ནི་དམ་པ་ཡིན་ཏེ། བཀའ་ནི་དམ་པ་དང་དྲང་པོ་དང་བཟང་པོ་ཡིན་ནོ། ༡༣ དེ་ནས་བཟང་པོ་དེ་ང་འཆི་བའི་རྒྱུར་གྱུར་ཏམ། དེ་ནི་མ་ཡིན་ནོ། བཟང་པོ་དེའི་སྒོ་ནས་སྡིག་པ་ནི་སྡིག་པ་ཡིན་པར་སྟོན་ཞིང་ང་བསད་པས། སྡིག་པ་དེ་ཡིན་ནོ། དེ་ནི་བཀའི་རྐྱེན་གྱིས་སྡིག་པ་ཚབས་ཆེན་ཡིན་པར་རྟོགས་ཕྱིར་རོ༎
༡༤ བཀའ་ཁྲིམས་ཐུགས་ཉིད་ལས་བྱུང་ཡང་། ང་རང་འཇིག་རྟེན་པ་སྡིག་པས་ཉོས་པའི་ཚེ་གཡོག་ཡིན་པར་ཤེས་སོ། ༡༥ གང་འདོད་པ་དེ་མི་བྱེད་པར་མི་འདོད་པ་དེ་བྱེད་པས། ངའི་སྤྱོད་པ་ང་རང་གི་ཡིན་པར་ངས་ཁས་མི་ལེན་ནོ། ཅི་ཕྱིར་ཞེ་ན། ༡༦ ངས་མི་འདོད་པ་དེ་བྱེད་ཙ་ན། བཀའ་ཁྲིམས་ནི་བཟང་པོ་ཡིན་པར་ཁས་ལེན་པས། ༡༧ བྱེད་པ་པོ་ང་མིན་ཏེ། ངའི་ནང་གནས་པའི་སྡིག་པ་དེའོ། ༡༨ ངའི་ནང་བཟང་པོ་བྱེད་པའི་འདོད་པ་ཡོད་ཀྱང་། དེ་སྒྲུབ་མི་ནུས་པས། ངའི་ནང་དོན་དུ་མི་གཤིས་ནང་ལ་བཟང་པོ་ཅིའང་མེད་པར་ངས་རྟོགས་སོ། ༡༩ ངས་དགའ་བའི་བཟང་པོ་དེ་མི་བྱེད་པར། མི་དགའ་བའི་ངན་པ་དེ་བྱེད་དོ། ༢༠ ངས་མི་དགའ་བ་དེ་བྱེད་ན། བྱེད་པ་པོ་ང་མིན་ཏེ། ངའི་ནང་གནས་པའི་སྡིག་པ་དེའོ། ༢༡ དོན་དུ་བཟང་པོ་བྱེད་པར་དགའ་ནའང་། ངའི་ནང་ངན་པ་ཡིན་པའི་གཤིས་དེ་མཐོང་ངོ་། ༢༢ ངོ་བོས་དཀོན་མཆོག་གི་དབང་ལ་དགའ་ཡང་། ༢༣ ངའི་ཡན་ལག་ནང་ངོ་བོ་དང་མི་མཐུན་པའི་སྡིག་པའི་དབང་ནང་དགར་བའི་གཤིས་སོ་སོ་ཞིག་མཐོང་ངོ་། ༢༤ སྙིང་རྗེའི་གནས་སུ་གྱུར་པ། འཆི་བར་འདྲེན་པའི་ལུས་འདི་ལས་ང་སུས་སྒྲོལ། ༢༥ ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ངང་ན་དཀོན་མཆོག་ལ་གཏང་རག་འབུལ་ལོ། མདོར་ན་ངའི་ངོ་བོས་དཀོན་མཆོག་གི་བཀའ་ཁྲིམས་ཀྱི་འབངས་བྱེད་ཀྱང་། ལུས་ཀྱིས་སྡིག་པའི་ཁྲིམས་ཀྱི་འབངས་བྱེད་དོ༎