༨
དེ་བས་ན་མཱ་ཤི་ཀ་ཡེ་ཤུའི་ནང་ལ་གནས་པ་རྣམས་ལ་ད་ཆད་པ་མེད་དོ། ༢ མཱ་ཤི་ཀ་ཡེ་ཤུའི་སྒོ་ནས་ཚེ་གསར་པ་གནང་བའི་ཐུགས་ཉིད་ཀྱི་དབང་གིས། ང་སྡིག་པ་དང་འཆི་བའི་དབང་ལས་བསྒྲལ་ཏོ། ༣ ཟག་བཅས་ཀྱི་དབང་གིས་ཉམས་པར་བྱེད་པའི་བཀའ་ཁྲིམས་ཀྱིས་སྒྲུབ་མ་ཐུབ་པ་དེ། དཀོན་མཆོག་གིས་མཛད་དོ། ༤ ང་ཚོ་འཇིག་རྟེན་པ་ལྟར་མི་སྤྱོད་པར། ཐུགས་ཉིད་ཀྱི་ལུགས་ལ་སྤྱོད་པ་རྣམས་ལ། ཉིད་ཀྱི་སྲས་སྡིག་པའི་གཤིས་དང་ལྡན་པའི་ལུས་དང་འདྲ་བར་ལུས་དང་ལྡན་པའི་ཚུལ་དུ་ང་ཚོའི་སྡིག་པའི་མཆོད་པར་མངགས་ནས། བཀའ་ཁྲིམས་ལྟར་དགོས་པ་ང་ཚོའི་ནང་སྒྲུབ་ཕྱིར། མིའི་གཤིས་ཀྱི་སྡིག་པ་ལ་ཆད་པ་བཅད་དོ། ༥ འཇིག་རྟེན་པས་འཇིག་རྟེན་གྱི་བྱ་བ་སེམས། ཐུགས་ཉིད་པས་ཐུགས་ཉིད་ཀྱི་བྱ་བ་སེམས་སོ། ༦ འཇིག་རྟེན་པའི་བསམ་པས་འཆི་བར་འདྲེན། ཐུགས་ཉིད་ཀྱི་བསམ་པས་ཚེ་མཐའ་མེད་པ་དང་ཞི་བདེར་འདྲེན་ནོ། ༧ འཇིག་རྟེན་པའི་བསམ་པས་དཀོན་མཆོག་གི་བཀའ་ཁྲིམས་ལ་མི་ཉན་ཞིང་། ཉན་ཡང་མི་བཏུབ་པས་དཀོན་མཆོག་ལ་རྒོལ་ལོ། ༨ འཇིག་རྟེན་པས་དཀོན་མཆོག་དགྱེས་སུ་འཇུག་མི་ཐུབ་བོ། ༩ ཁྱེད་ཚོའི་ནང་དཀོན་མཆོག་གི་ཐུགས་ཉིད་བཞུགས་པས། ཁྱེད་ཚོ་འཇིག་རྟེན་པ་མ་ཡིན་པར་ཐུགས་ཉིད་པ་ཡིན་ནོ། སུ་ལ་མཱ་ཤི་ཀའི་ཐུགས་ཉིད་མེད་ན་དེ་ཁོང་གི་མ་ཡིན། ༡༠ མཱ་ཤི་ཀ་ཁྱེད་ཚོའི་ནང་བཞུགས་ན། ལུས་སྡིག་པས་ཤི་བ་ཡིན་ནའང་། སེམས་ཐར་པས་གསོན་པོ་ཡིན། ༡༡ གཤིན་པོའི་ཁྲོད་ལས་ཡེ་ཤུ་སྐུ་གསོན་པོར་བསླངས་མཁན་ཁོང་གི་ཐུགས་ཉིད་ཁྱེད་ཚོའི་ནང་བཞུགས་ན། དེའི་ཐབས་ཀྱིས་བསླངས་མཁན་ཁོང་གིས་ཁྱེད་ཚོའི་ལུས་མི་རྟག་པའང་གསོན་པོར་མཛད་པར་འགྱུར་རོ༎༡༢ དེ་བས་ན་སྤུན་རྣམས། ང་ཚོས་དྲིན་དྲན་ཡང་། ༡༣ འཇིག་རྟེན་པ་ལྟར་སྤྱོད་ཕྱིར་འཇིག་རྟེན་གྱི་དྲིན་འོག་ན་མིན། འཇིག་རྟེན་བཞིན་དུ་སྤྱོད་ན་འཆི་བར་འགྱུར། ཐུགས་ཉིད་ཀྱི་མཐུས་མིའི་གཤིས་རྣམས་གསོད་ན་གསོན་པར་འགྱུར་རོ། ༡༤ དཀོན་མཆོག་གི་ཐུགས་ཉིད་ཀྱིས་ཁྲིད་ཚད་དཀོན་མཆོག་གི་སྲས་ཡིན་ནོ། ༡༥ སླར་ཡང་འཇིགས་པའི་ཚེ་གཡོག་གི་སེམས་ཤིག་ཁྱེད་ཚོར་མ་ཐོབ་ཀྱིས། ཨབ་བཱ། ཡབ་ཞུ་བའི་སྲས་སུ་གྱུར་བའི་ཐུགས་ཉིད་ཐོབ་པ་ཡིན། ༡༦ ང་ཚོ་དཀོན་མཆོག་གི་སྲས་ཡིན་པར། ཐུགས་ཉིད་ཀྱིས་ང་ཚོའི་སེམས་ལ་དཔང་པོ་མཛད་དོ། ༡༧ སྲས་ཡིན་ན་བརྒྱུད་འཛིན་ཡིན། མཱ་ཤི་ཀ་དང་མཉམ་དཔལ་བརྗིད་ཐོབ་ཕྱིར་མཉམ་དུ་སྡུག་བསྔལ་འཁུར་བས། དཀོན་མཆོག་གི་བརྒྱུད་འཛིན་དང་མཱ་ཤི་ཀ་དང་མཉམ་སྐལ་དུ་འགྱུར་རོ༎
༡༨ ངའི་སྣང་ངོར། ང་ཚོར་མངོན་པར་འགྱུར་བའི་དཔལ་ལ་བལྟས་ནས། ད་ལྟའི་སྡུག་བསྔལ་རྣམས་ཅིའང་མིན། ༡༩ དཀོན་མཆོག་གི་སྲས་རྣམས་མངོན་པར་འགྱུར་བ་ལ་འཇིག་རྟེན་ཀུན་གདུང་བས་སྒུག་གོ། ༢༠ སྣོད་བཅུད་སྙིང་པོ་མེད་པའི་དབང་དུ་བཅུག་པ་ནི་དེའི་འདོད་པ་བཞིན་མ་ཡིན་པར། བཅུག་མཁན་ཁོང་གི་དགོངས་པ་བཞིན་ཡིན་ཅིང་། ༢༡ སྣོད་བཅུད་ཀྱང་མི་རྟག་པའི་དབང་ལས་ཐར་ཏེ། དཀོན་མཆོག་གི་སྲས་རྣམས་ཀྱི་དཔལ་དང་ལྡན་པའི་ཐར་པའི་ནང་གཞུག་པའི་རེ་བ་བྱེད་དོ། ༢༢ སྣོད་བཅུད་ཀུན་ལྷན་ཅིག་ཏུ་ད་དུང་སྐྱེ་ཟུག་གིས་གདུང་ཞིང་འཁུན་པ་ང་ཚོས་ཤེས་སོ། ༢༣ དེ་མ་ཟད་ཐུགས་ཉིད་ཀྱི་འབྲས་བུ་ཐོབ་པ་ང་ཚོའང་། བུ་དོད་དུ་འགྱུར་ཕྱིར་འཁུན་ཞིང་ང་ཚོའི་ལུས་འདི་སྒྲོལ་བ་ལ་སྒུག་གོ། ༢༤ དེ་ལ་རེ་ཞིང་ང་ཚོ་ཐར་རོ། མཐོང་བའི་རེ་བ་དེ་རེ་བ་མིན། མཐོང་བ་དེ་ལ་སུས་རེ་བ་བྱེད། ༢༥ མི་མཐོང་བ་དེ་ལ་རེ་བ་བྱེད་ན་བཟོད་པས་སྒུག་གོ།
༢༦ སྨོན་ལམ་ཇི་ལྟར་འདེབས་དགོས་པ་མི་ཤེས་པས། ཐུགས་ཉིད་ཀྱིས་ང་ཚོ་སྟོབས་མེད་ལ་གྲོགས་མཛད་དེ། བརྗོད་དུ་མེད་པའི་ཤུགས་ནར་འདོན་ཞིང་། ང་ཚོའི་ཕྱིར་ཞུ་སྣ་མཛད་དོ། ༢༧ དཀོན་མཆོག་གི་དགོངས་པ་དང་བསྟུན་ཏེ། དམ་པ་ཚོའི་ཕྱིར་ཞུ་སྣ་མཛད་པས། མིའི་སྙིང་རྣམས་ལ་གཟིགས་མཁན་ཁོང་གིས། ཐུགས་ཉིད་ཀྱི་དགོངས་པ་མཁྱེན་ནོ། ༢༨ དཀོན་མཆོག་གི་ཐུགས་དགོངས་བཞིན་བོས་པ། དཀོན་མཆོག་ལ་བྱམས་པ་རྣམས་ལ་བྱ་བ་ཐམས་ཅད་འཛོམས་ནས་ཕན་པའི་རྒྱུར་འགྱུར་བ་ང་ཚོས་ཤེས་སོ། ༢༩ སྤུན་མང་པོའི་ཕུ་བོར་འགྱུར་ཕྱིར། ཁོང་གི་སྔར་མཁྱེན་པ་རྣམས་ཉིད་ཀྱི་སྲས་དང་འདྲ་བར་འགྱུར་བར་བསྐོས་པ་ཡིན། ༣༠ ཁོང་གིས་བསྐོས་པ་རྣམས་བཀུག་པར་ཡང་མཛད། བཀུག་པ་རྣམས་ཐར་བར་ཡང་མཛད། ཐར་བར་མཛད་པ་རྣམས་དཔལ་དང་ལྡན་པར་ཡང་མཛད་དོ༎
༣༡ ད་དུང་ཅི་སྨྲ། དཀོན་མཆོག་ང་ཚོའི་ཕྱོགས་སུ་ཡོད་ན། ང་ཚོར་སུས་རྒོལ། ༣༢ ཉིད་ཀྱི་སྲས་ཀྱང་མ་ཕངས་པར་ང་ཚོ་ཐམས་ཅད་ཀྱི་དོན་དུ་བཏད་པས། གཞན་ཐམས་ཅད་ཞོར་ལ་མི་གནང་ངམ། ༣༣ ཐར་བར་མཛད་མཁན་དཀོན་མཆོག་ལགས་པས། ཁོང་གིས་འདམས་པ་རྣམས་ལ་སུས་རྩོད། ༣༤ མཱ་ཤི་ཀ་ཡེ་ཤུ་གྲོངས་པ་མ་ཟད་གཤིན་པོའི་ཁྲོད་ལས་གསོན་པོར་བཞེངས་ནས། དཀོན་མཆོག་གི་ཕྱག་གཡས་སུ་བཞུགས་ཤིང་། ང་ཚོའི་ཕྱིར་ཞུ་སྣ་མཛད་པས། ང་ཚོར་སུས་ཆད་པ་གཅོད། ༣༥-༣༦ མདོ་ན།
ཁྱེད་དོན་ང་ཚོ་ཉིན་གང་གསོད༎
ང་ཚོ་བཤས་ལུག་ལྟ་བུར་བརྩིས༎
ཞེས་བྲིས་པ་ལྟར། ང་ཚོ་མཱ་ཤི་ཀའི་བྱམས་པ་ལས་སུས་འཕྲལ་ནུས། སྡུག་བསྔལ་ལམ། མྱ་ངན་ནམ། འཚེ་བའམ། ལྟོགས་པའམ། འཁྱགས་པའམ། འཇིགས་པའམ། རལ་གྲིས་འཕྲལ་ནུས་སམ། ༣༧ འདི་ཐམས་ཅད་ནང་ང་ཚོར་བྱམས་པར་མཛད་པོའི་མཐུས་རབ་ཏུ་རྒྱལ་ལོ། ༣༨ ཅིའི་ཕྱིར་ཞེ་ན། འཆི་བའམ། གསོན་པའམ། ཕོ་ཉའམ། མཐུ་ལྡན་ནམ། ད་ལྟར་གྱི་བྱ་བའམ། མ་འོང་པའི་བྱ་བའམ། དབང་པོའམ། ༣༩ མཐོ་བའམ། དམའ་བའམ། བཀོད་པ་གཞན་གང་གིས་ཀྱང་། ང་ཚོའི་གཙོ་བོ་མཱ་ཤི་ཀ་ཡེ་ཤུའི་ནང་ནས་མངོན་པའི་དཀོན་མཆོག་གི་བྱམས་པ་ལས་ང་ཚོ་འཕྲལ་མི་ནུས་པ་ལ་ང་སྙིང་ཐག་པ་ནས་ཡིད་ཆེས་སོ༎