ཐུགས་ཉིད་ཀྱི་ནང་ན་ངའི་ཤེས་བཟང་གིས་དཔང་པོ་བྱེད་དེ། ངས་རྫུན་མི་ཟེར་བར་མཱ་ཤི་ཀ་པ་བཞིན་བདེན་པར་སྨྲ།  སེམས་འཁྲུགས་ཆེ་ཞིང་ངའི་སྙིང་ལ་རྟག་ཏུ་ཟུག་ཟེར་འབྱུང་ངོ་།  རིགས་བརྒྱུད་ལ་བལྟས་ཏེ་ངའི་སྤུན་དང་གཉེན་ཡིན་པ་ཚོའི་དོན་དུ་ང་གླུད་ལ་འགྱུར་ཞིང་མཱ་ཤི་ཀ་དང་བྲལ་ན་ཅི་མ་རུང་།  དེ་ཚོ་ནི་བུ་དོད་དུ་འགྱུར་འོས་དང་། དཔལ་དང་། ཞལ་ཆད་རྣམས་དང་། བཀའ་ཁྲིམས་དང་། བསྙེན་བཀུར་དང་། ཞལ་བཞེས་དང་། མེས་པོ་དང་ལྡན་པའི་ཨིས་ར་ཨེལ་པ་ཡིན་ཏེ།  བརྒྱུད་ལ་བལྟས་ཏེ་དེ་རྣམས་ལས་མཱ་ཤི་ཀ་བྱུང་། ཁོང་ནི་ཐམས་ཅད་ཀྱི་གོང་མ་དང་། དུས་རྒྱུན་དུ་བསྟོད་འོས་པའི་དཀོན་མཆོག་ལགས་སོ། ཨ་མེན༎*
 དཀོན་མཆོག་གི་བཀའ་མི་བདེན་པ་མི་སྲིད། ཨིས་ར་ཨེལ་གྱི་བུ་བརྒྱུད་ཡིན་ཚད་ཨིས་ར་ཨེལ་མིན།  ཨབ་ར་ཧམ་གྱི་གདུང་བརྒྱུད་ཡིན་ཚད་སྲས་མིན་ཞིང་། མདོ་ནང་། ཨི་སཱག་འབའ་ཞིག་ལས་ཁྱེད་ཀྱི་བརྒྱུད་འབོད་པར་འགྱུར་ཞེས་སོ།  དོན་དུ་བརྒྱུད་ཀྱི་བུ་ཡིན་ཚད་དཀོན་མཆོག་གི་སྲས་མ་ཡིན། ཞལ་ཆད་ཀྱི་བུ་རྣམས་བརྒྱུད་པར་རྩི་བར་མཛད་དོ།  ཞལ་ཆད་འདི་ལྟ་སྟེ། ང་དུས་ཁར་འོང་སྟེ་ས་རཱ་ལ་བུ་ཞིག་ཡོད་པར་འགྱུར། ༡༠ དེ་མ་ཟད་རིབ་ཀཱའང་ང་ཚོའི་མེས་པོ་ཨི་སཱག་གཅིག་རང་ལས་མངལ་དང་ལྡན་ནས། ༡༡-༡༢ བུ་གཉིས་མ་སྐྱེས་པར་བཟང་པོའམ་ངན་པ་མ་བྱས་པའི་སྔོན་དུ། ལས་ལ་མི་རྟེན་པར་བོས་པ་ལ་རྟེན་པའི། དཀོན་མཆོག་གིས་འདམས་པར་མཛད་པའི་དོན་བརྟན་པོར་མཛད་ཕྱིར་མོ་ལ། ཕུ་བོས་ནུ་བོའི་གཡོག་བྱེད་པར་འགྱུར་གསུངས་སོ། ༡༣ དེ་ནི་ངས་ཡ་ཀོབ་ལ་གཅེས་པར་འཛིན་ཏེ། ཨེ་སབ་ལ་སྡངས་ཞེས་བྲིས་པ་ལྟར་རོ༎
༡༤ ད་ཅི་སྨྲ། དཀོན་མཆོག་ལོག་པ་ལགས་སམ། དེ་ནི་མ་ཡིན། ༡༥ ཁོང་གིས་མོ་ཤེ་ལ། ངས་ཐུགས་བརྩེ་དགོངས་པ་དེ་ལ་ཐུགས་བརྩེ་བྱ། སྙིང་རྗེ་དགོངས་པ་དེ་ལ་སྙིང་རྗེ་བྱའོ་གསུངས་སོ། ༡༦ དེའི་ཕྱིར་དེ་ནི་མིའི་འདོད་པའམ་རྩོལ་བ་ལ་མ་ཡིན་པར། སྙིང་རྗེ་མཛད་པའི་དཀོན་མཆོག་ལ་རག་ལས་སོ། ༡༧ གསུང་རབ་ན། མི་སེར་ཡུལ་གྱི་རྒྱལ་པོ་ལ། ཁྱོད་ཀྱི་ནང་ན་ངའི་དབང་སྟོན་པ་དང་། འཇིག་རྟེན་ཡོངས་སུ་ངའི་སྙན་གྲགས་དར་འཇུག་པའི་དོན་དུ། ངས་ཁྱོད་བསླངས་པ་ཡིན་གསུངས་སོ། ༡༨ དེ་ལྟར་ཐུགས་དགོངས་བཞིན་གཅིག་ལ་སྙིང་རྗེ་མཛད། གཅིག་གི་སྙིང་གྱོང་པོར་མཛད།
༡༩ དེ་ནས་ཁྱེད་ཀྱིས་ང་ལ། ཁོང་གི་ཐུགས་དགོངས་སུས་ཀྱང་ཟློག་མི་ཐུབ་པས། ཁོང་གིས་ཅིའི་ཕྱིར་སྐྱོན་འགེལ་བར་མཛད་ཅེས་ཟེར་ན། ༢༠ དཀོན་མཆོག་ལ་ལན་ཟློག་པ་ཁྱོད་སུ་ཡིན། བཟོས་པའི་ཡོ་བྱད་ཀྱིས་བཟོ་བོ་ལ། ང་འདི་འདྲ་ཅི་ལ་བཟོས་པ་ཡིན་ཟེར་རམ། ༢༡ རྫ་མཁན་ལ་རྫ་ས་གཅིག་ལས་སྣོད་མཛེས་སྡུག་ལྡན་པ་གཉིས་བཟོ་བའི་དབང་མེད་དམ། ༢༢-༢༤ དཔལ་བརྗིད་ཀྱི་ཕྱིར་སྔོན་ནས་བཤམས་པའི་ཡ་ཧུ་དཱ་པ་མ་ཟད། ཕྱི་པ་ནས་བོས་པའི་ཐུགས་རྗེའི་སྣོད་ང་ཚོར། ཁོང་གི་དཔལ་འབྱོར་སྟོན་ཕྱིར། གལ་ཏེ་དཀོན་མཆོག་གིས་ཉིད་ཀྱི་ཐུགས་ཁྲོ་དང་དབང་སྟོན་པའི་དགོངས་པས། འཇིག་འོས་པའི་ཐུགས་ཁྲོའི་སྣོད་ལ་བཟོད་པ་མཛད་ན་ཅི། ༢༥ དེ་ལྟར་ཧོ་ཤེ་ཨའི་མདོ་ན།
མི་སྡེ་མིན་རྣམས་མི་སྡེར་བོས༎
གཅེས་པ་མིན་རྣམས་གཅེས་པར་བོས༎
༢༦ ཁྱེད་ཚོ་ངའི་མི་སྡེ་མ་ཡིན་ཞེས་གསུངས་སར། དཀོན་མཆོག་གསོན་པོའི་སྲས་རྣམས་ཟེར་བར་འགྱུར་ཞེས་ཀྱང་གསུངས་སོ། ༢༧-༢༨ ཡེ་ཤ་ཡཱས་ཨིས་ར་ཨེལ་གྱི་སྐོར་ལ། གཙོ་བོས་འཇིག་རྟེན་ལ་ཉིད་ཀྱི་ཆད་པ་མི་ལྷོད་པར་མྱུར་དུ་གཅད་འོང་བས། ཨིས་ར་ཨེལ་གྱི་མི་གྲངས་རྒྱ་མཚོའི་བྱེ་མ་ལྟར་ཡོད་རུང་། དེ་རྣམས་ནས་ཉུང་ཟད་ཅིག་ཐར་བར་འགྱུར་ཞེས་འབོད་བསྒྲགས་སོ། ༢༩ ཡང་ཡེ་ཤ་ཡཱས།
དཔུང་ཆེན་རྣམས་ཀྱི་གཙོ་བོས་ང་ཚོ་ལ༎
བུ་བརྒྱུད་བཞག་པར་མཛད་པ་མ་ཡིན་ན༎
སོ་དོམ་དང་ནི་གོ་མོ་རཱ་ལྟར་འགྱུར༎
ཞེས་ལུང་བསྟན་ཏོ༎
༣༠ ད་ཅི་སྨྲ། ཐར་པའི་ཕྱིར་མ་བསྙེགས་པའི་ཕྱི་པ་རྣམས་ལ་དད་པ་ལས་རྙེད་པའི་ཐར་པ་ཐོབ། ༣༡ འོན་ཀྱང་ཐར་པའི་བཀའ་ཁྲིམས་ལ་བསྙེགས་པའི་ཨིས་ར་ཨེལ་པ་ནི། བཀའ་ཁྲིམས་ཀྱི་ཚད་ལ་མ་བསླེབས་སོ། ༣༢ ཅི་ལ་མ་བསླེབས་ཅེ་ན། དད་པའི་སྒོ་ནས་མ་བཙལ་བར། ཚུལ་ཁྲིམས་ཀྱི་སྒོ་ནས་བཙལ་བས། རྐང་པ་ཐོགས་པའི་རྡོ་ལ་ཐོགས་ནས་ལྟུང་ངོ་། ༣༣ མདོ་ན།
ངས་ནི་ཙི་ཨོན་ནང་དུ་རྡོ་ཞིག་བཞག།
རྐང་པ་ཐོགས་ནས་འགྱེལ་བའི་བྲག་ཡིན་ཏེ༎
ཁོང་ལ་དད་རྣམས་སྐྱེངས་པར་མི་འགྱུར་རོ༎
ཞེས་བྲིས་པ་ལྟར་རོ༎