༡༠
སྤུན་རྣམས། དེ་ཚོ་ཐར་བའི་ཕྱིར་སྙིང་ནས་འདོད་པས། དཀོན་མཆོག་ལ་སྨོན་ལམ་ཞུའོ། ༢ དེ་ཚོས་དཀོན་མཆོག་ལ་འདུན་པ་ལ་ངས་དཔང་བྱེད། འོན་ཀྱང་མི་རྟོགས་ཤིང་། ༣ དཀོན་མཆོག་ནས་བྱུང་བའི་ཐར་པ་ངོ་མ་རྟོགས་པར། རང་བཟོའི་ཐར་པ་གཏན་ལ་འབེབས་པ་ལ་བརྩོན་ཞིང་། དཀོན་མཆོག་གི་ཐར་པའི་འབངས་མ་བྱས་སོ། ༤ དད་པ་བྱེད་ཚད་ཀྱི་ཐར་པའི་དོན་དུ་མཱ་ཤི་ཀ་ནི་བཀའ་ཁྲིམས་ཀྱི་མཐར་ཐུག་ལགས་སོ༎༥ མོ་ཤེས། བཀའ་ཁྲིམས་ནས་བྱུང་བའི་རྣམ་དག་སྒྲུབ་མཁན་ལ་གསོན་པ་ཉིད་ཐོབ་པར་འགྱུར་ཞེས་བྲིས་སོ། ༦ འོན་ཀྱང་དད་པ་བྱེད་པ་ལ་ཐུགས་རྗེའི་ཞལ་ཆེས་འདི་སྐད་དུ། ཁྱེད་ཀྱིས་རང་གི་སྙིང་ནང་མཱ་ཤི་ཀ་མར་གདན་འདྲེན་དུ་ནམ་མཁར་སུ་འཕགས་པར་འགྱུར། ༧ ཡང་ན་མཱ་ཤི་ཀ་ཡར་གདན་འདྲེན་དུ་གཤིན་ཁམས་ནང་སུ་འབབ་པར་འགྱུར་མ་ཟེར་ཞིག་གསུང་། ༨ བཀའ་ནི་ཁྱེད་དང་ཉེ་ཞིང་ཁྱེད་ཀྱི་ཁ་དང་སྙིང་གི་ནང་བཞུགས་སོ་གསུངས་པ་དེ། ང་ཚོས་འཆད་པའི་དད་པའི་བཀའ་དེ་ཡིན་ནོ། ༩ གལ་ཏེ་ཡེ་ཤུ་གཙོ་བོ་ལགས་སོ་ཞེས་ཁ་ནས་དཔང་པོ་བྱེད་ཅིང་། དཀོན་མཆོག་གིས་ཁོང་གཤིན་པོའི་ཁྲོད་ནས་བསླངས་པ་ལ་སྙིང་ནས་དད་པ་བྱེད་ན་ཐར་བར་འགྱུར་རོ། ༡༠ སྙིང་ནས་དད་པ་བྱེད་པ་ལ་ཐུགས་རྗེའི་ཞལ་ཆེ་ཐོབ། ཁ་ནས་དཔང་པོ་བྱེད་པ་ལ་ཐར་པ་ཐོབ་བོ། ༡༡ ཁོང་ལ་དད་པ་རྣམས་སྐྱེངས་པར་མི་འགྱུར་རོ་ཞེས་གསུངས་པ་ལྟར་རོ། ༡༢ ཁོང་ཉིད་ཐམས་ཅད་ཀྱི་གཙོ་བོ་དང་། ཁོང་གི་མཚན་བརྗོད་པ་ཐམས་ཅད་ཀྱི་ཕྱིར་ནོར་དང་ལྡན་པས། ཡ་ཧུ་དཱ་པ་དང་ཧེལ་ལེན་པ་གཉིས་ནང་ཁྱད་མེད་དོ། ༡༣ གཙོ་བོའི་མཚན་བརྗོད་པ་དེ་ཐར་བར་འགྱུར་རོ་ཞེས་སོ༎
༡༤ གང་ལ་མི་དད་པའི་མཚན་ཅི་ལྟར་བརྗོད། མ་ཐོས་པར་ཅི་ལྟར་དད། འཆད་པ་པོ་མེད་པར་ཅི་ལྟར་ཐོས། ༡༥ ཕྲིན་བཟང་སྒྲོག་པ་རྣམས་ཀྱི་རྐང་པ་ཇི་ལྟར་མཛེས་ཞེས་བྲིས་པ་ལྟར། མ་མངག་ན་ཅི་ལྟར་འཆད། ༡༦ ཡེ་ཤ་ཡཱས། ཀྱེ་གཙོ་བོ། ང་ཚོའི་གཏམ་ལ་སུས་དད་པ་བྱེད་གསུངས་པ་བཞིན། ཐམས་ཅད་ཀྱིས་འཕྲིན་བཟང་ལ་མ་ཉན་ཏོ། ༡༧ མཱ་ཤི་ཀའི་བཀའ་བསྒྲགས་པས་ཐོས། ཐོས་པ་ལས་དད་པ་འབྱུང་ངོ་། ༡༨ གལ་ཏེ་དེ་ཚོས་མ་ཐོས་སམ་ཟེར་ན། བདེན་པར་ཐོས་ཏེ།
ས་གཞི་ཡོངས་སུ་དེ་ཡི་གསུང་སྐད་ཁྱབ༎
དེའི་གསུང་ས་གཞིའི་མཐའ་མའི་བར་དུ་ཕྱིན༎
མི་སྡེ་མིན་པ་རྣམས་ནས་ཁྱེད་ལ་ཕྲག་དོག་སློང་༎
མི་བརྒྱུད་བླུན་པོ་ཞིག་ནས་ང་ཡིས་ཁོང་ཁྲོ་སློང་༎
ཁོ་བོ་མ་བཙལ་བ་ལ་ཁོ་བོ་བརྙེས༎
ཁོ་བོ་མ་དགོས་པ་ལ་ཁོ་བོ་སྟོན༎