༡༡
དཀོན་མཆོག་གིས་ཉིད་ཀྱི་མི་སྡེ་རྣམས་སྤངས་སམ། དེ་ནི་མ་ཡིན། ང་རང་ཨབ་ར་ཧམ་གྱི་བརྒྱུད་པ་བེན་ཡ་མིན་གྱི་སྡེའི་ཁོངས་གཏོགས་ཨིས་ར་ཨེལ་པ་ཡིན།  དཀོན་མཆོག་གིས་སྔོན་ནས་མཁྱེན་པས་ཉིད་ཀྱི་མི་སྡེ་རྣམས་མ་སྤངས་སོ། ཁྱེད་ཀྱིས་ཨེ་ལི་ཡཱའི་སྐོར་གྱི་མདོ་ན་ཅི་གསུངས་པ་མི་ཤེས་སམ། ཁོས་དཀོན་མཆོག་ལ་ཨིས་ར་ཨེལ་པའི་སྐོར་ལ་འོ་དོད་འབོད་ཅིང་།  གཙོ་བོ་ལགས། དེ་ཚོས་ཁྱེད་ཀྱི་ལུང་སྟོན་པ་རྣམས་བསད། མཆོད་ཁྲི་རྣམས་བཤིག་ནས་ང་གཅིག་པུར་ལུས་ཏེ། ངའི་སྲོག་ཀྱང་ལེན་དུ་སྙེག་གོ་ཞུས་སོ།  དཀོན་མཆོག་གིས་བཀའ་ལན་དུ། བ་ཨཱལ་ལ་མ་བཏུད་པའི་སྐྱེ་བོ་སྟོང་ཕྲག་བདུན་ང་ཡི་དོན་དུ་བཞག་ཡོད་མ་གསུངས་སམ།  དེ་བཞིན་དུ་ད་ལྟའང་ཐུགས་རྗེས་གདམས་པའི་ལྷག་ལུས་ཤིག་ཡོད་དོ།  ཐུགས་རྗེས་ཡིན་པས་ལས་ཀྱིས་མིན་ཞིང་ལས་ཀྱིས་ཡིན་ན་ཐུགས་རྗེ་ནི་ཐུགས་རྗེ་མིན།  མདོར་ན་ཨིས་ར་ཨེལ་གྱིས་གང་འཚོལ་བ་དེ་མ་བརྙེས། འདམས་པ་རྣམས་ཀྱིས་བརྙེས་ནས། ལྷག་མ་རྣམས་ཀྱི་སྙིང་གྱོང་པོར་གྱུར་ཏོ།  མདོ་ན། དཀོན་མཆོག་གིས་དེ་དག་ལ། དེ་རིང་ཐུག་རྨོངས་པའི་སེམས་དང་། མི་མཐོང་བའི་མིག་དང་། མི་ཐོས་པའི་རྣ་བ་གནང་ངོ་། ཞེས་དང་།  དཱ་བིད་ཀྱིས།
དེ་ཚོའི་ཟས་མགྲོན་རྣམས་ནི་དེ་ཚོའི་ཕྱིར༎
རྙི་དང་ལྟེམ་པ་དང་ནི་ལ་ཡོགས་དང་༎
རྐང་པ་ཐོགས་པའི་རྡོ་རུ་འགྱུར་བར་ཤོག།
༡༠ མི་མཐོང་ཕྱིར་དུ་དེ་ཚོའི་མིག་སྒྲིབ་ཅིང་༎
དེ་ཚོའི་སྒལ་ཚིགས་རྟག་ཏུ་སྒུར་བར་ཤོག།
གསུངས་སོ། ༡༡ དེ་དག་མངོན་པར་ལྟུང་བའི་རྐང་ཐོགས་སམ། དེ་ནི་མ་ཡིན། འོན་ཀྱང་དེ་དག་འཁྱོར་བ་ལས་ཕྱི་པ་རྣམས་ལ་ཐར་པ་ཐོབ་པས། དེ་ཚོར་བརྟུན་པ་སྐྱེད་དོ། ༡༢ དེ་དག་འཁྱོར་བ་ནི་འཇིག་རྟེན་གྱི་ནོར་དང་། དེ་དག་ཕམ་པ་ནི་ཕྱི་པའི་ནོར་ལ་གྱུར་ན། དེ་དག་ཕུལ་དུ་བྱུང་བ་ནི་དེ་བས་ལྷག་པའི་རྒྱུར་མི་གྱུར་རམ།
༡༣ ང་ནི་ཕྱི་པ་ཚོའི་ཕྱིར་སྐུ་ཚབ་ཡིན་པས། ཁྱེད་ཕྱི་པ་རྣམས་ལ་སྨྲའོ། ༡༤ ངའི་མི་བརྒྱུད་ལ་བརྟུན་པ་སྐྱེས་ཏེ། ཁ་ཅིག་ཐར་འཇུག་ན། ངའི་ཞབས་ཏོག་ལ་བསྟོད་པ་འབྱུང་ངོ་། ༡༥ དེ་དག་སྤངས་པ་འཇིག་རྟེན་སྡུམ་པའི་རྒྱུར་གྱུར་ན། དེ་དག་བླང་བ་གཤིན་པོ་གསོན་པའི་རྒྱུ་ལས་གཞན་ཅི།
༡༦ ཟས་ཕུད་དམ་པ་ཡིན་ན། བག་ཟན་ཡང་དམ་པ་ཡིན། རྩ་བ་དམ་པ་ཡིན་ན། ཡལ་གའང་དམ་པ་ཡིན་ནོ། ༡༧ གལ་ཏེ་ཁ་སྐྱུར་པོའི་ཤིང་རྒོད་ཡིན་པ་ཁྱོད། ཁ་སྐྱུར་པོའི་ཤིང་སྡོང་རྩི་བཅུད་ཅན་གྱི་རྩ་བ་དང་འདྲེས་ཕྱིར། ཡལ་ག་ཁ་ཅིག་བཅད་ནས་དེའི་ཤུལ་དུ་ཁྱོད་འཐུད་ན། ༡༨ ཡལ་གའི་ངོར་རང་མཐོང་མ་སྐྱེད་ཅིག རང་མཐོང་སྐྱེད་ན། ཁྱོད་ཀྱིས་རྩ་བ་མི་འཁུར་གྱིས། རྩ་བས་ཁྱོད་འཁུར་བ་དྲན་པར་གྱིས་ཤིག ༡༩ ང་འཐུད་པའི་ཕྱིར་ཡལ་ག་དེ་བཅད་པ་ཡིན་ཟེར་ན། ༢༠ དེ་བདེན་ནོ། དེ་དག་དད་མེད་ཀྱི་རྐྱེན་གྱིས་བཅད་ནས། ཁྱོད་ནི་དད་པས་དེར་ཚུགས་པ་ཡིན་པས། རང་མཐོང་མ་སྐྱེད་པར་འཇིགས་ཤིག ༢༡ དཀོན་མཆོག་གིས་ཡལ་ག་དངོས་མར་མ་གཟིགས་པས། ཁྱོད་ལའང་མི་གཟིགས་སོ། ༢༢ དེ་བས་ན་དཀོན་མཆོག་གི་ཐུགས་རྗེ་དང་ཐུགས་དྲག་པོ་གཉིས་ཀར་ལྟོས་ཤིག ལྟུང་བ་རྣམས་ལ་དྲག་པོ་སྟེ། ཁྱོད་ལ་ཐུགས་རྗེ་ཅན་ནོ། གལ་ཏེ་ཁོང་གི་ཐུགས་རྗེ་ལྟར་མ་བརྟན་ན། ཁྱོད་ཀྱང་གཅོད་པར་འགྱུར་རོ། ༢༣ དེ་དག་ཀྱང་དད་མེད་ནང་མི་གནས་ན། དཀོན་མཆོག་གིས་དེ་དག་ལ་སླར་འཐུད་ནུས་པས། འཐུད་པར་མཛད་འོང་། ༢༤ ཁྱོད་ཁ་སྐྱུར་པོའི་ཤིང་སྡོང་ལས་བཅད་དེ། རང་བཞིན་མི་མཐུན་པའི་ཤིང་སྡོང་བཟང་པོ་ལ་འཐུད་པས། ཡལ་ག་དངོས་མ་དེ་རང་གི་སྡོང་པོའི་ནང་ལྷག་པར་དུ་འཐུད་པར་འགྱུར།
༢༥ ཀྱེ་སྤུན་རྣམས། ཁྱེད་ཚོ་རང་མཁས་པར་མི་རྩི་བའི་ཕྱིར། ཁྱེད་ཀྱིས་གསང་བ་འདི་ཤེས་པར་ང་དགའ་འོ། ཕྱི་པ་ཐམས་ཅད་མཱ་ཤི་ཀའི་རྒྱལ་སྲིད་ནང་འཇུག་པའི་བར་ཐུག ཨིས་ར་ཨེལ་པ་ཁག་གཅིག་གྱོང་པོར་གྱུར་ཞིང་། ༢༦ ཕྱིས་སུ་ཨིས་ར་ཨེལ་པ་ཐམས་ཅད་ཐར་བར་འགྱུར་རོ། དེ་ནི་མདོ་ན།
ཙི་ཨོན་ནས་སྒྲོལ་མཛད་འཐོན་པར་འགྱུར༎
ཡ་ཀོབ་ལས་ལོག་ཆོས་སྐྲོད་པར་འགྱུར༎
༢༧ དེ་ཚོ་ཡི་སྡིག་པ་སེལ་བའི་དུས༎
དེ་ཚོ་ལ་ཁོ་བོའི་ཞལ་ཆད་ཡིན༎
ཞེས་བྲིས་པ་ལྟར་རོ། ༢༨-༢༩ ཕྲིན་བཟང་ལ་ལྟ་སྟེ་དེ་དག་ཁྱེད་ཀྱི་རྐྱེན་གྱིས་དགྲ་བོར་གྱུར་ཀྱང་། དཀོན་མཆོག་གི་གནང་སྦྱིན་དང་འགུག་པའི་ཕྲིན་ལས་ནི་འགྱུར་མེད་ལགས་པས། འདམ་པ་ལ་ལྟ་སྟེ་མེས་པོ་ཚོའི་རྐྱེན་གྱིས། དེ་ཚོ་ཁོང་གི་གཅེས་པ་ཡིན་ནོ། ༣༠ སྔར་ཁྱེད་ཚོས་དཀོན་མཆོག་གི་བཀའ་ལ་མ་ཉན་ཀྱང་། དེ་རྣམས་ཀྱིས་མ་ཉན་པའི་རྐྱེན་གྱིས། ད་ལྟ་ཁྱེད་ཚོ་ལ་ཐུགས་རྗེ་ཐོབ་པ་ལྟར། ༣༡ ད་ལྟ་དེ་ཚོས་མི་ཉན་པས། ཁྱེད་ཚོ་ལ་ཐུགས་རྗེ་ཐོབ་པའི་རྐྱེན་གྱིས། དེ་རྣམས་ལའང་ཐོབ་པར་འགྱུར་རོ། ༣༢ ཅིའི་ཕྱིར་ཞེ་ན། དཀོན་མཆོག་གིས་མི་ཐམས་ཅད་ལ་ཐུགས་རྗེ་མཛད་པའི་ཕྱིར། དེ་དག་བཀའ་ལ་མི་ཉན་པའི་གྲལ་དུ་བཞག་གོ།
༣༣ དཀོན་མཆོག་གི་དཔལ་འབྱོར་དང་ཡེ་ཤེས་དང་མཁྱེན་རྒྱ་ཇི་ལྟར་ཟབ་པ་ལགས་སོ། ཁོང་གི་ཞལ་ཆེ་རྟོགས་པ་ལས་འདས་ཏེ། ཁོང་གི་ལམ་དཔྱོད་པ་ལས་འདས་སོ། ༣༤ གཙོ་བོའི་ཐུགས་སུས་བརྟགས། ཁོང་ལ་གྲོས་འདེབས་སུས་བྱས། ༣༥ ཁོང་གིས་ཚབ་གནང་དགོས་པར། སུས་སྔར་ཇི་ཞིག་ཕུལ། ༣༦ ཐམས་ཅད་ཁོང་ལས་བྱུང་ཞིང་། ཁོང་རྒྱུད་བྱུང་བས། ཁོང་གི་ཕྱིར་ཡིན། ཁོང་ལ་དུས་རྒྱུན་ནས་རྒྱུན་དུ་བསྟོད་བསྔགས་པར་ཤོག་ཅིག།