༡༢
ད་སྤུན་རྣམས། དཀོན་མཆོག་གི་ཐུགས་བརྩེ་བ་ལ་བརྟེན་ནས། ཁྱེད་ཀྱི་ལུས་ནི་གསོན་པོ་དང་། དམ་པ་དང་། དཀོན་མཆོག་ཐུགས་མཉེས་པའི་མཆོད་པར་ཕུལ་ཞིག་ཅེས་ངས་ཞུ་བ་འབུལ་ལོ། དེ་ནི་བདེན་པའི་མཆོད་པའོ།  དཀོན་མཆོག་གི་ཐུགས་དགོངས་བཟང་པོ་དང་། ཡིད་དུ་འོང་བ་དང་། ཕུལ་དུ་ཕྱིན་པ་རྟོགས་པའི་ཕྱིར། འཇིག་རྟེན་པ་དང་འདྲ་བར་མ་འགྱུར་བར། རང་གི་བློ་གསར་དུ་བསྒྱུར་བས་གཤིས་ཀྱང་སྒྱུར་ཞིག
 ང་ལ་གནང་བའི་ཐུགས་རྗེའི་སྒོ་ནས་ཁྱེད་རེ་རེར་འདི་ལྟར་བསྒོའོ། སུས་ཀྱང་རང་གང་ཡིན་པ་ལས་མཐོ་བ་ཡིན་པ་མ་སེམས་པར། དཀོན་མཆོག་གིས་རེ་རེ་ལ་དད་པ་གནང་ཡོད་པའི་ཚད་བཞིན་རན་པར་སོམས་ཤིག  ལུས་གཅིག་ལ་ཡན་ལག་མང་པོ་ཡོད་ཀྱང་། ཡན་ལག་རེ་རེ་ལ་ལས་སོ་སོ་ཡོད་པ་ལྟར།  ང་ཚོ་མང་པོ་ཡིན་ཀྱང་མཱ་ཤི་ཀའི་ནང་ན་ལུས་གཅིག་ཡིན་པས། སོ་སོ་ནས་བྱས་ཀྱང་གཅིག་དང་གཅིག་ཡན་ལག་ཡིན་ནོ།  ང་ཚོར་གནང་བའི་ཐུགས་རྗེ་དང་བསྟུན་ཏེ་གནང་སྦྱིན་སོ་སོ་ཡོད་པས། ཆོས་སྟོན་པ་དེས་དད་པའི་ཚད་བཞིན་བཀའ་སྟོན་པ་དང་།  ཞབས་ཏོག་པས་ཞབས་ཏོག་དང་། སློབ་དཔོན་གྱིས་བསླབ་བྱ་དང་།  སྟོངས་གྲོགས་ཀྱི་གྲོགས་དང་། སྦྱིན་བདག་གིས་མི་ཕངས་པར་སྦྱིན་པ་དང་། འགོ་དཔོན་ཡིན་ན་ཤ་ཚ་དང་། སྙིང་རྗེ་ཅན་ཡིན་ན་སེམས་སྤྲོ་བས། གནང་སྦྱིན་རྣམས་སྤྱོད་ཅིག
 ཟོལ་ཟོག་མེད་པའི་བྱམས་པ་དགོས། ངན་པ་སྤང་ཞིང་བཟང་པོ་ལེན་ཞིག ༡༠ སྤུན་གྱི་བརྩེ་གདུང་གིས་ཕན་ཚུན་གཅེས་པར་གྱིས་ཤིག གཅིག་གིས་གཅིག་ལ་སྟི་སྟང་བྱོས་ཤིག ༡༡ ཤ་ཚ་བྱེད་པར་མ་གཡེལ་ཞིག ཐུགས་ཉིད་ཀྱི་ངར་དང་ལྡན་ཞིག གཙོ་བོའི་ཞབས་འདེགས་བྱོས་ཤིག ༡༢ རེ་བ་ལ་སྤྲོ་ཞིང་། སྡུག་བསྔལ་ལ་བཟོད་ཅིང་། སྨོན་ལམ་ལ་བརྟན་པར་གནས་ཤིག ༡༣ དམ་པ་དང་འགྲུལ་པ་རྣམས་ཀྱི་དགོས་འདོད་སྐོངས་ཤིག ༡༤ ཁྱེད་རང་ལ་འཚེ་བ་རྣམས་ལ་སྨོན་ལོག་མ་འདེབས་པར་བྱིན་བརླབས་ཐོངས་ཤིག ༡༥ དགའ་མཁན་མཉམ་དུ་དགའ་ཞིག ངུ་མཁན་མཉམ་དུ་ངུས་ཤིག ༡༦ ཕན་ཚུན་མཐུན་ནས་སྡོད་ཅིག དྲག་པར་མ་སེམས་པར་ཞན་པར་མགུ་ཞིག་མཁས་པ་ཡིན་པར་མ་རློམས་ཤིག ༡༧ ངན་ལན་ངན་གྱིས་མ་འཇལ་ཞིག མི་ཀུན་གྱི་མཐོང་སྣང་ལ་མཛེས་པར་བརྩོན་ཞིག ༡༨ ཇི་ནུས་ཀྱིས་ཐམས་ཅད་དང་མཉམ་མཐུན་ནས་སྡོད་ཅིག ༡༩ གཅེས་པ་རྣམས་མདོ་ན་གཙོ་བོས། ངས་ལན་འཇལ་ལོ་ཞེས་གསུངས་པས། ཁྱེད་རང་གིས་གནོད་ལན་གནོད་པས་མ་འཇལ་བར། དཀོན་མཆོག་གི་ཐུགས་ཁྲོ་དེ་གར་འཇོག ༢༠ དེ་མ་ཟད་ཁྱོད་ཀྱི་དགྲ་བོ་ལྟོགས་ན་ཁ་ཟས་སྟེར་ཞིག སྐོམ་ན་བཏུང་བ་སྟེར་ཞིག དེ་ལྟར་བྱེད་པ་ལས་དེའི་མགོར་སོལ་བའི་མེ་སྤུང་བར་འགྱུར། ༢༡ ངན་པའི་སྒོ་ནས་རང་ཕམ་མ་འཇུག་པར། བཟང་པོའི་སྒོ་ནས་ངན་པ་ཕམ་དུ་ཆུག་ཅིག།