ཁྱེད་སྤུན་རྣམས་ཐུགས་ཉིད་དང་ལྡན་པ་འདྲ་བར་ངས་སྨྲ་བར་མ་ནུས། འཇིག་རྟེན་པ་དང་ཆོས་ཚོགས་ཀྱི་བྱིས་པ་འདྲ་བར་སྨྲས་སོ།  ངས་ཁྱེད་ལ་ཟན་མི་བསྟེར་བར་འོ་མ་བསྟེར། ཟན་ནི་མི་འཇུ་བས། ད་དུང་ཡང་ཁྱེད་འཇིག་རྟེན་པ་ཡིན་པས་འཇུ་མི་ནུས་སོ།  ཁྱེད་ཚོའི་ནང་ཕྲག་དོག་དང་རྩོད་པ་ཡོད་རིང་། འཇིག་རྟེན་པ་མ་ཡིན་ནམ། མི་ཕལ་པ་ལྟར་མི་སྤྱོད་དམ།  གཅིག་གིས་ང་པའུ་ལུའི་ཕྱོགས་པ་དང་། གཅིག་གིས་ང་ཨ་པོལ་ལོའི་ཕྱོགས་པ་ཡིན་ཟེར་རིང་། ཁྱེད་ཚོ་འཇིག་རྟེན་གྱི་མི་མ་ཡིན་ནམ།  ཨ་པོལ་ལོ་སུ་ཡིན། པའུ་ལུ་སུ་ཡིན། གཙོ་བོས་རེ་རེ་ལ་སྐལ་བ་གནང་བ་བཞིན་དུ་ཁྱེད་དད་པར་བཀོད་པའི་ཞབས་ཕྱི་ཡིན།  ངས་བཙུགས་ཤིང་། ཨ་པོལ་ལོས་ཆུ་བཏང་ཡང་། དཀོན་མཆོག་གིས་བསྐྱེད་བཅུག་པས།  སྐྱེད་མཁན་དཀོན་མཆོག་དེ་འབའ་ཞིག་ལས་འཛུག་མཁན་དང་ཆུ་གཏོང་མཁན་གཉིས་གང་ཡང་མ་ཡིན།  འཛུག་མཁན་དང་ཆུ་གཏོང་མཁན་འདྲ་བ་ཡིན་ཏེ། རེ་རེའི་ལས་བཞིན་རྔན་པ་ཐོབ་འོང་།  ང་ཚོ་དཀོན་མཆོག་གི་ལས་གྲོགས་ཡིན་ཏེ། ཁྱེད་དཀོན་མཆོག་གི་ཞིང་དང་མཁར་ཡིན་ནོ། ༡༠ ང་ལ་གནང་བའི་དཀོན་མཆོག་གི་ཐུགས་རྗེ་བཞིན། རྩིག་དཔོན་མཁས་པ་དང་འདྲ་བར། ངས་རྨང་བཏིང་ཞིང་། གཞན་གྱིས་དེའི་ཁར་རྩིག་པས། རེ་རེས་རང་གི་མཁར་ལས་ལ་བྱ་ར་བྱོས་ཤིག ༡༡ ཡེ་ཤུ་མཱ་ཤི་ཀ་ཡིན་པའི་རྨང་བཏིང་ཟིན་པ་མ་གཏོགས། རྨང་གཞན་སུས་ཀྱང་འདིང་བར་མི་ནུས། ༡༢ རྨང་དེའི་ཁར་གསེར་རམ། དངུལ་ལམ། རིན་པོ་ཆེ་འམ། ཤིང་ངམ། རྩྭའམ། འཇག་མ་སོགས་དངོས་པོ་གང་ཞིག་གིས་རྩིག་ན། ༡༣ རེ་རེའི་ལས་མངོན་འོང་། དེའི་ཉིན་མོར་མི་རེ་རེའི་ལས་མེས་སད་པས་མངོན་འོང་། ༡༤ སུ་ཞིག་གི་རྨང་དེ་ལ་རྩིགས་པའི་མཁར་གནས་ན། རྔན་པ་ཐོབ་འོང་། ༡༥ འཚིག་ན་ལས་སྟོང་སྟེ། མི་དེ་མེ་ལྟ་བུ་ལས་ཚེ་ཐར་འོང་། ༡༦ ཁྱེད་དཀོན་མཆོག་གི་མཆོད་ཁང་ཡིན་ཏེ། དཀོན་མཆོག་གི་ཐུགས་ཉིད་ཁྱེད་ནང་བཞུགས་པ་མི་ཤེས་སམ། ༡༧ དཀོན་མཆོག་གི་མཆོད་ཁང་དམ་པ་ཡིན་པས། མཆོད་ཁང་བཤིག་པ་དེ། དཀོན་མཆོག་གིས་མེད་པར་མཛད་འོང་། མཆོད་ཁང་དེ་ཁྱེད་ཡིན་ནོ༎
༡༨ རང་མགོ་མ་སྐོར་ཞིག ཁྱེད་ཁྲོད་འཇིག་རྟེན་འདི་ནང་རང་མཁས་པ་ཡིན་སེམས་པ་དེ། མཁས་པར་འགྱུར་ཕྱིར་བླུན་པོར་འགྱུར་དགོས། ༡༩ དཀོན་མཆོག་གི་ཐུགས་དགོངས་ནང་འཇིག་རྟེན་གྱི་ཤེས་རབ་བླུན་པ་ཡིན་ནོ། མདོ་ན། མཁས་པ་རང་གི་ཁྲམ་ནང་ཁོང་གིས་འཛིན། ཞེས་དང་། ༢༠ མཁས་པའི་བསམ་པ་དོན་མེད་ཡིན་པར་གཙོ་བོས་མཁྱེན། བྲིས་པ་བཞིན་ནོ། ༢༡ མི་མ་ངོམ་ཞིག དངོས་པོ་ཐམས་ཅད་ཁྱེད་ཀྱི་ཡིན་པ་ལ། ༢༢ པའུ་ལུ་་ཀེ་ཕཱ་་ཨ་པོལ་ལོ། འཇིག་རྟེན་གསོན་པ་འཆི་བ་དང་། ད་ལྟ་དང་ནི་མ་འོངས་པ། ལ་སོགས་ཐམས་ཅད་ཁྱེད་ཀྱི་ཡིན། ༢༣ ཁྱེད་ནི་མཱ་ཤི་ཀ་ཡི་ཡིན། ཁོང་ནི་དཀོན་མཆོག་གི་ཡིན་ནོ༎