༤
ང་ཚོ་མཱ་ཤི་ཀའི་ཞབས་ཕྱི་དང་། དཀོན་མཆོག་གི་གསང་བ་རྣམས་ཀྱི་གཉེར་པར་རྩིས་ཤིག ༢ གཉེར་པ་དྲང་པོ་ཡིན་དགོས། ༣ ཁྱེད་ཚོའམ་མིའི་ཁྲིམས་རས་ང་ལ་གཤགས་བྱེད་ན་ང་ལ་མི་སྟོ། ངས་ཀྱང་རང་ལ་གཤགས་མི་བྱེད། ༤ ང་འགལ་བ་མི་དྲན། དེས་ང་དྲང་པོ་མི་འགྱུར། ངའི་གཤགས་བྱེད་མཁན་ནི་གཙོ་བོ་ལགས་སོ། ༥ མུན་པའི་ནང་སྦས་པ་དང་སྙིང་གི་བྱུས་རྣམས་མངོན་པར་མཛད་པའི་གཙོ་བོ་མ་ཕེབས་པའི་བར་དུ། དུས་མ་རན་པར་གཤགས་མ་བྱེད། དེའི་ཚེ་རེ་རེའི་བསྟོད་པ་དཀོན་མཆོག་ནས་འོང་།༦ ཁྱེད་སྤུན་ཚོས་ང་ཚོའི་དཔེ་སློབ་ཅིང་ཕྱོགས་རིས་ཀྱིས་མི་རློམ་ཕྱིར། གཏམ་དེ་ནི་ང་དང་ཨ་པོལ་ལོའི་དཔེའི་ནང་བཤད་དོ། ༧ ཁྱོད་སུས་གལ་ཆེ་བར་བྱས། གཞན་གྱིས་མ་བཏང་བ་ཁྱོད་ལ་ཅི་ཡོད། བཏང་བ་ཡིན་ན། མ་ཐོབ་པ་ལྟར་བྱེད་ཅིང་ཅིའི་ཕྱིར་རློམ། ༨ ཁྱོད་ཚིམ་མམ། ཕྱུག་པོར་གྱུར་རམ། ང་ཚོ་མེད་པར་སྲིད་ཐོབ་བམ། ང་ཚོས་ཀྱང་ཁྱེད་མཉམ་སྲིད་བྱེད་ཕྱིར། ཁྱེད་ལ་སྲིད་ཐོབ་ན་ཅི་མ་རུང་། ༩ ང་ཚོ་སྐུ་ཚབ་རྣམས་ནི། འཇིག་རྟེན་དང་། ཕོ་ཉ་དང་། མིའི་ལྟད་མོར་འགྱུར་དུ། དཀོན་མཆོག་གིས་གསོད་རྒྱུའི་མི་དང་འདྲ་བར་ཀུན་ལས་ཐ་མར་བཏོན་པར་མཛད་དོ་ཞེས་ངས་སེམས་སོ། ༡༠ ང་ཚོ་མཱ་ཤི་ཀའི་ཕྱིར་བླུན་པོ་དང་། ཁྱེད་ཚོ་མཱ་ཤི་ཀའི་ནང་མཁས་པ་ཡིན། ང་ཚོ་ཤེད་མེད་དང་། ཁྱེད་ཚོ་སྟོབས་ཅན་ཡིན། ཁྱེད་ཚོ་ལ་བཀུར་སྟི་དང་། ང་ཚོར་སྨད་པ་ཐོབ་བོ། ༡༡ ད་ལྟའི་བར་དུ་ང་ཚོ་ལྟོགས། སྐོམ་དང་། གཅེར་བུ་ཡིན། རྡུང་བ་མྱོང་ཞིང་། ཁྱིམ་མེད་ཡིན། ༡༢ ལག་པའི་ལས་ཀྱིས་དཀའ་ཚེགས་བྱེད་དོ། གཞན་གྱིས་སྨད་ན་ང་ཚོས་བྱིན་རླབས་གཏོང་། འཚེ་ན་བཟོད་དོ། ༡༣ ཁ་ངན་ལབ་ན་གཏམ་སྙན་སྨྲའོ། འཇིག་རྟེན་གྱི་ཕྱག་དར་དང་སྙིགས་མ་དང་འདྲ་བར་གྱུར་ཏེ། ད་དུང་ཡང་ཡིན་ནོ༎
༡༤ དེ་ནི་ངས་ཁྱེད་ཚོ་ངོ་ཚ་བའི་ཕྱིར་མི་འབྲི་ཡི། གཅེས་ཕྲུག་ལ་སྐུལ་བ་ལྟར་སྐུལ་ལོ། ༡༥ ཁྱེད་ཚོ་ལ་མཱ་ཤི་ཀའི་ངང་ན་མ་མ་ཁྲི་ཁྲག་ཡོད་རུང་། ཕ་མང་པོ་མེད་པས། མཱ་ཤི་ཀ་ཡེ་ཤུའི་ནང་ཕྲིན་བཟང་གི་སྒོ་ནས། ང་ཁྱེད་ཚོའི་ཕར་གྱུར་ཏོ། ༡༦ དེའི་ཕྱིར་ངའི་ལད་མོ་གྱིས་ཞེས་ངས་སྐུལ་ལོ། ༡༧ དེའི་ཕྱིར་དུ་གཙོ་བོའི་ནང་ངའི་གཅེས་ཕྲུག་དྲང་པོ་ཏི་མོ་ཐེའུ་ཁྱེད་ཚོའི་རྩར་བཏང་བ་ཡིན། ངས་ཡུལ་ཀུན་ཏུ་ཆོས་ཚོགས་ཐམས་ཅད་ལ་སྟོན་པའི་མཱ་ཤི་ཀ་པའི་སྤྱོད་ལམ་དེ། ཁྱེད་ལ་དེས་དྲན་སྐུལ་བྱ་འོང་། ༡༨ ང་ཁྱེད་ཀྱི་རྩར་མི་འོང་བསམ་ཞིང་། མི་ཁ་ཅིག་རློམས་ཀྱང་། ༡༩ གཙོ་བོ་དགྱེས་ན་མགྱོགས་པར་འོང་སྟེ། རློམ་མཁན་དག་གི་གཏམ་ལ་མི་ལྟ་བར་སྟོབས་ཅི་ཡོད་བརྟག་འོང་། ༢༠ དཀོན་མཆོག་གི་རྒྱལ་སྲིད་ནང་ངག་དབང་མེད་ཀྱི། མཐུ་སྟོབས་ཡོད་པས་སོ། ༢༡ ཁྱེད་ཅི་འདོད། ང་ཁྱེད་རྩར་དབྱུག་པ་འཁུར་ནས་འོང་ངམ། བྱམས་པ་དང་ཞི་བས་འོང་༎