སླར་ཁྱེད་ཚོ་སྐྱོ་བའི་མཇལ་ཕྲད་ངས་མི་བྱེད་པར་ཐག་བཅད་པ་ཡིན།  ངས་ཁྱེད་ཚོ་སྐྱོ་རུ་འཇུག་ན། ཁྱེད་ཚོ་སྐྱོ་བ་རྣམས་ཀྱིས་མིན་པ་སུས་ངའི་སེམས་སྐྱིད་པར་བྱ།  ང་འོང་བའི་ཚེ་ང་ལ་དགའ་སྤྲོ་སྦྱིན་དགོས་པ་རྣམས་ཀྱིས་སེམས་སྐྱོ་མི་སྦྱིན་པའི་ཕྱིར་ངས་དེ་ལྟར་བྲིས་པ་ཡིན། ངའི་དགའ་སྤྲོ་ནི་ཁྱེད་ཚོ་ཐམས་ཅད་ཀྱི་དགའ་སྤྲོ་ཡིན་པར་ང་ཡིད་ཆེས་སོ།  ངས་སེམས་སྐྱོ་དང་ཁོང་འཁྲུགས་ཆེན་པོ་དང་མཆི་མ་མང་པོ་གཏོང་བཞིན་དུ་བྲིས་པ་ཡིན་དེ། ཁྱེད་ཚོ་སེམས་སྐྱོ་འཇུག་པའི་ཕྱིར་མ་ཡིན་གྱི། ངས་ཁྱེད་ཚོར་ཇི་ཙམ་གཅེས་པ་སྟོན་པའི་ཕྱིར་ཡིན་ནོ༎
 སུ་ཞིག་སེམས་སྐྱོའི་རྒྱུར་གྱུར་ཡོད་ན། སྒྲོ་མ་བཏག་པར་སྨྲ་བས། ང་རང་ལ་མ་ཟད་ཁྱེད་ཚོ་ཐམས་ཅད་ལའང་སེམས་སྐྱོ་བའི་རྒྱུར་ཅུང་ཟད་གྱུར་ཏོ།  དེ་འདྲ་ཞིག་ལ་མི་མང་ཕྱོགས་ནས་ཕོག་པའི་ཆད་པ་དེ་ཀས་ཆོག་གོ།  ད་ཁོ་ལ་སེམས་གསོ་ཐོང་ཞིག དེ་མིན་སེམས་སྐྱོ་ཆེ་སྟབས་ཀྱིས་མི་དེ་སྡུག་བསྔལ་གྱིས་གནོན་པར་འགྱུར་རོ།  དེ་བས་ན་མི་དེ་ལ་བྱམས་པར་གྱིས་ཤིག་ཅེས་ངས་བསྐུལ་ལོ།  གང་ས་ནས་བཀའ་ལ་ཉན་ནམ་མི་ཉན་ཚོད་བལྟ་བའི་ཕྱིར་ངས་བྲིས་པ་ཡིན། ༡༠ ཁྱེད་ཚོས་སུ་ལ་བཟོད་པ་བཞེས་ན་ངས་ཀྱང་བཟོད་པར་བྱའོ། ངས་བཟོད་པར་བྱས་ཡོད་ན། ༡༡ ངས་བདུད་ཀྱི་བྱུས་ངན་ཤེས་པས། བདུད་ལ་གླགས་མི་རྙེད་པའི་ཕྱིར་ཁྱེད་ཚོའི་དོན་དུ་མཱ་ཤི་ཀའི་སྐུ་དྲུང་དུ་བཟོད་པ་བྱས་པ་ཡིན་ནོ༎
༡༢ མཱ་ཤི་ཀའི་ཕྲིན་བཟང་འཆད་པའི་ཕྱིར་ང་ཏྲོ་ཡཱ་རུ་བསླེབས་པ་དང་། གཙོ་བོས་ང་ལ་སྒོ་ཞིག་ཕྱེས་པར་མཛད་ཀྱང་། ༡༣ ངའི་སྤུན་ཏི་ཏུ་དེར་མེད་པས་ངའི་སེམས་མ་བདེ་བའི་རྐྱེན་གྱིས་དེ་རྣམས་ལ་ཕྱི་ཕྱག་བྱས་ནས་མ་ཀེ་དོན་དུ་སོང་བ་ཡིན།
༡༤ མཱ་ཤི་ཀའི་རྐྱེན་གྱིས་ང་ཚོ་དུས་རྒྱུན་དུ་རྒྱལ་བར་འཇུག་ཅིང་། ང་ཚོའི་སྒོ་ནས་ཁོང་ངོ་འཕྲོད་པའི་དྲི་བཟང་ཕྱོགས་ཀུན་ཏུ་རྒྱས་པར་མཛད་པའི་དཀོན་མཆོག་ལ་གཏང་རག་འབུལ་ལོ། ༡༥ ང་ཚོ་ནི་དཀོན་མཆོག་གི་དྲུང་དུ་ཐར་པ་དང་། འཆི་བའི་ལམ་ལ་བགྲོད་པ་རྣམས་ལ་མཱ་ཤི་ཀའི་དྲི་ཡིན་ཏེ། ༡༦ གཅིག་ལ་འཆི་བར་འཁྲིད་པའི་འཆི་བའི་དྲི་དང་། གཅིག་ལ་གསོན་པར་འཁྲིད་པའི་གསོན་པའི་དྲི་ཡིན། དེ་ལྟར་བྱེད་འོས་པ་སུ་ཡིན། ༡༧ དཀོན་མཆོག་གི་བཀའ་ལ་རིན་མེད་རྩི་བའི་མི་གཞན་མང་པོ་དང་ང་ཚོ་མི་འདྲ་སྟེ། ང་ཚོས་ནི་སེམས་གཙང་ཞིང་། དཀོན་མཆོག་གིས་བསྐོས་ནས། དཀོན་མཆོག་གི་སྤྱན་སྔར། མཱ་ཤི་ཀ་པ་བཞིན་དུ་གཏམ་བྱེད་དོ༎