༢
ལོ་བཅུ་བཞིའི་རྗེས་སུ་ཏི་ཏུའང་ཁྲིད་ནས། བར་ན་བཱ་དང་མཉམ་དུ་ཡེ་རུ་ཤ་ལེམ་དུ་སླར་སོང་ངོ་། ༢ མངོན་པར་གྱུར་པ་བཞིན་དུ་སོང་ནས། ངའི་བྱེས་ཐམས་ཅད་དོན་མེད་དུ་མི་འགྱུར་བའི་ཕྱིར། ངས་ཕྱི་པར་འཆད་པའི་ཕྲིན་བཟང་དཔོན་པོ་རྣམས་ལ་ཟུར་དུ་བཤད་དོ། ༣ དེ་མ་ཟད་ང་མཉམ་ཡོད་པའི་ཏི་ཏུ་ནི་ཧེལ་ལེན་པ་ཡིན་ཀྱང་། ཡ་ཧུ་དཱ་པའི་རྟགས་བླངས་མ་དགོས་སོ། ༤ གསང་སྟེ་ཞུགས་པའི་སྤུན་རྫུས་མ་རེས་ང་ཚོར་ཐོབ་པའི་མཱ་ཤི་ཀའི་རང་དབང་ལ་མཚང་འབྲུ་ཞིང་། ང་ཚོ་བྲན་དུ་འཁོལ་བའི་ཕྱིར་འརྫུལ་ཡང་། ༥ ཁྱེད་ཚོའི་ཕྱིར་ཕྲིན་བཟང་གི་བདེན་པ་གནས་པའི་དོན་དུ། ང་ཚོས་ཡུད་ཙམ་ཡང་དེ་ཚོའི་ཁར་མ་ཉན་ཏོ། ༦ དཀོན་མཆོག་ནི་ཕྱོགས་རིས་མེད་པས། དཔོན་པོ་དེ་ཚོ་ཇི་ཡིན་རུང་ང་ལ་ཁྱད་པར་མེད་ཀྱི། ངས་བཤད་པ་ལ་དེ་ཚོས་ཅིའང་མ་བསྣན་པ་མ་ཟད། ༧-༨ ཡ་ཧུ་དཱ་པ་རྣམས་ཀྱི་རྩར་པེ་ཏྲོ་མངགས་མཁན་ཁོང་ཉིད་ཀྱིས་ང་ལྷ་ཆོས་པ་རྣམས་ཀྱི་རྩར་མངགས་པས། ཇི་ལྟར་པེ་ཏྲོ་ལ་ཡ་ཧུ་དཱ་པར་ཕྲིན་བཟང་འཆད་པའི་འགན་གནང་བ། དེ་ལྟར་ང་ལ་ལྷ་ཆོས་པའི་འགན་གནང་ཡོད་པར་མཐོང་ཞིང་། ༩ ང་ལ་མཛད་པའི་ཐུགས་རྗེ་དེ་ཡ་ཀོབ་དང་ཀེ་ཕཱ་དང་ཡོ་ཧ་ནན་གྱིས་ཀྱང་གོའོ། དེ་ནས་ཀ་བ་ལྟར་ཡིན་པ་དེ་གསུམ་པོས་ང་དང་བར་ན་བཱ་ལ་མཉམ་གྲོགས་ཀྱི་རྟགས་ཡིན་པའི་ལག་གཡས་བཏང་ནས། ང་ཚོ་ཕྱི་པའི་རྩར་འགྲོ་བ་དང་། ཁོང་ཚོ་ཡ་ཧུ་དཱ་པའི་རྩར་འགྲོ་བར་ཐག་བཅད་དོ། ༡༠ ང་ཚོས་ཡེ་རུ་ཤ་ལེམ་གྱི་དབུལ་པོ་རྣམས་དྲན་པར་ཁོང་ཚོས་འདོད་པས། དེ་ནི་ང་རང་བྱེད་འདོད་པ་ཁོ་ནའོ༎༡༡ དེ་མ་ཟད་ཀེ་ཕཱ་་ཨན་ཏི་ཡོག་ལ་བསྡད་པའི་ཚེ། བཀའ་བཀྱོན་དགོས་པས། ངས་ཁོའི་གདོང་ལ་རྒོལ་བ་ཡིན། ༡༢ ཡ་ཀོབ་ཀྱི་ཕྱོགས་པ་རེ་མ་བསླེབས་པའི་སྔོན་དུ། ཀེ་ཕཱས་ཡ་ཧུ་དཱ་པ་མིན་པའི་སྤུན་རྣམས་དང་མཉམ་དུ་ཁ་ཟས་ཟོས་ཀྱང་། དེ་ཚོ་བསླེབས་པ་དང་། ཀེ་ཕཱ་་ཡ་ཧུ་དཱ་པ་ལ་འཇིགས་ནས། བྱོལ་ཞིང་སོ་སོར་བསྡད་དོ། ༡༣ ཁོ་མཉམ་ཡ་ཧུ་དཱ་པ་གཞན་རྣམས་ཀྱང་མགོ་འཁོར་བ་མ་ཟད་བར་ན་བཱ་འང་དེ་ཚོའི་མགོ་སྐོར་གྱིས་སླུ་ཞིང་ཁྲིད་དོ། ༡༤ ཕྲིན་བཟང་གི་བདེན་པ་དང་བསྟུན་ཏེ་མི་སྤྱོད་པ་མཐོང་བའི་ཚེ། ངས་ཐམས་ཅད་ཀྱི་མདུན་དུ་ཀེ་ཕཱ་ལ་འདི་སྐད་དུ། ཁྱེད་ཡ་ཧུ་དཱ་པ་ཡིན་བཞིན་ཡ་ཧུ་དཱ་པའི་ཚུལ་ཁྲིམས་སྤངས་ནས་སྤུན་གཞན་ལྟར་སྤྱོད་པའི་འོག་ཏུ། སྤུན་དེ་ལ་ཡ་ཧུ་དཱ་པའི་ཚུལ་སྲུང་བར་ཨུ་ཚུགས་བྱེད་པ་དེ་ཅི་ཡིན་སྨྲས་སོ༎
༡༥ ང་ཚོ་ལྷ་ཆོས་པ་སྡིག་ཅན་མིན་པར། སྐྱེས་པ་ནས་ཡ་ཧུ་དཱ་པ་ཡིན་ཀྱང་། ༡༦ བཀའ་ཁྲིམས་ཀྱི་ལས་ཀྱིས་དྲང་པོར་མ་འགྱུར་ཞིང་། མཱ་ཤི་ཀ་ཡེ་ཤུའི་དད་པའི་སྒོ་ནས་ཐར་བར་ཤེས་སོ། བཀའ་ཁྲིམས་ཀྱི་ལས་ཀྱི་སྒོ་ནས་སུའང་མི་ཐར་བས། ལས་ཀྱིས་མིན་ཏེ་མཱ་ཤི་ཀ་ལ་དད་པས་ཐར་བའི་ཕྱིར། ང་ཚོས་མཱ་ཤི་ཀ་ཡེ་ཤུ་ལ་དད་པ་བྱེད་དོ། ༡༧ ད་ང་ཚོ་མཱ་ཤི་ཀའི་སྒོ་ནས་ཐར་པ་བཙལ་བ་རྣམས་སྡིག་ཅན་ལ་འཐོན་ན། མཱ་ཤི་ཀ་སྡིག་པ་བྱེད་འཇུག་མཁན་ཡིན་ནམ། དེ་མི་སྲིད། ༡༨ གལ་ཏེ་ངས་བཤིག་པའི་ཁྲིམས་ཡང་སྐྱར་འཛུག་ན། ང་རང་འཕྱུགས་པ་ཡིན་པར་གསལ་ལོ། ༡༩ ང་ནི་བཀའ་ཁྲིམས་ཀྱི་སྒོ་ནས་བཀའ་ཁྲིམས་ལ་ལྟ་སྟེ་ཤི་བས། དཀོན་མཆོག་དང་མཉམ་དུ་གསོན་ནོ། ༢༠ མཱ་ཤི་ཀ་དང་མཉམ་དུ་རྒྱང་ཤིང་ལ་ཤི་བས། ད་ང་རང་མི་འཚོ་ཡི། མཱ་ཤི་ཀ་ངའི་ནང་དུ་འཚོའོ། ད་འཇིག་རྟེན་ནང་འཚོ་ཡང་། ང་ལ་བྱམས་ཤིང་ངའི་དོན་དུ་སྐུ་སྲོག་གནང་བའི་དཀོན་མཆོག་གི་སྲས་ལ་དད་པས་འཚོའོ། ༢༡ དཀོན་མཆོག་གི་ཐུགས་རྗེ་ནི་ངས་མི་འདོར། བཀའ་ཁྲིམས་ཀྱི་སྒོ་ནས་ཐར་པ་བྱུང་ན། མཱ་ཤི་ཀ་དོན་མེད་དུ་གྲོངས་པ་ཡིན་ནོ༎