༣
ག་ལད་ཡཱ་པ་བླུན་པོ་ཁྱེད་ཚོ་སུས་བསླུས། ཁྱེད་ཚོའི་མིག་གི་མདུན་དུ་རྒྱང་ཤིང་ལ་གྲོངས་པའི་ཡེ་ཤུ་མཱ་ཤི་ཀ་གསལ་པོར་མ་བཤད་དམ། ༢ ངས་ཁྱེད་ཚོར་དྲི་བ་འདི་འབའ་ཞིག་འདྲི། ཐུགས་ཉིད་ནི་བཀའ་ཁྲིམས་ཀྱི་ལས་ཀྱི་སྒོ་ནས་ཐོབ་བམ། དད་པ་སྐྱེད་པའི་ཕྲིན་གྱི་སྒོ་ནས་ཐོབ། ༣ སྔར་ཐུགས་ཉིད་ལས་མགོ་བཙུགས་ཏེ། ད་འཇིག་རྟེན་པའི་ལུགས་སུ་མཇུག་རྫོགས་པའི་བླུན་པོ་ཡིན་ནམ། ༤ དེ་ལྟ་བུའི་བྱིན་རླབས་དོན་མེད་དུ་ཐོབ་བམ། དོན་མེད་དུ་ཐོབ་བདེན་ནམ་ཅི། ༥ ཁྱེད་ཚོར་ཐུགས་ཉིད་གནང་བ་དང་། ཁྱེད་ཚོའི་དཀྱིལ་དུ་ལྟས་མཛད་པ་དེ་བཀའ་ཁྲིམས་ཀྱི་ལས་ཀྱི་སྒོ་ནས་ལགས་སམ། ཡང་ན་དད་པ་སྐྱེད་པའི་ཕྲིན་གྱི་སྒོ་ནས་ལགས། ༦ དེ་ལྟར་ཨབ་ར་ཧམ་གྱིས་དཀོན་མཆོག་ལ་དད་པ་བྱས་པས། དེ་ནི་ཁོའི་ཕྱིར་ཐར་པའི་རྒྱུར་བརྩིས་སོ༎༧ དད་པ་བྱེད་ཚད་ཨབ་ར་ཧམ་གྱི་བུ་ཡིན་པ་ཤེས་ཤིག ༨ དད་པའི་སྒོ་ནས་དཀོན་མཆོག་གིས་ཕྱི་པའང་སྒྲོལ་བར་འགྱུར་བ་ནི་སྔོན་དུ་མཁྱེན་ཞིང་། གསུང་རབ་ཀྱིས་ཨབ་ར་ཧམ་ལ། ཁྱོད་ཀྱི་ཐབས་ཀྱིས་མི་བརྒྱུད་ཐམས་ཅད་བྱིན་གྱིས་རློབ་པར་འགྱུར་ཞེས་པའི་ཕྲིན་བཟང་པོ་སྔོན་དུ་གསུངས་པས། ༩ དད་ལྡན་ཨབ་ར་ཧམ་དང་ལྷན་ཅིག་ཏུ་དད་པ་བྱེད་ཚད་བྱིན་གྱིས་བརླབས་པ་ཡིན་ནོ། ༡༠ གསུང་རབ་ན་འདི་སྐད་དུ། བཀའ་ཁྲིམས་ཀྱི་མདོ་ནང་ཡོད་པ་ཐམས་ཅད་སྒྲུབ་ཅིང་མི་གནས་པ་དེ་མི་གླུད་ཡིན། ཞེས་བྲིས་ཡོད་པས། བཀའ་ཁྲིམས་ཀྱི་ལས་ལ་རྟེན་ཚད་དམོད་མོའི་འོག་ཏུ་ཡོད་དོ། ༡༡ དྲང་པོ་དད་པས་འཚོ་བར་འགྱུར་ཞེས་བྲིས་པ་ལྟར། དཀོན་མཆོག་གི་གཟིགས་ངོར་བཀའ་ཁྲིམས་ཀྱི་ཐབས་ཀྱིས་སུའང་མི་ཐར་བ་གསལ་ལོ། ༡༢ བཀའ་ཁྲིམས་སྒྲུབ་མཁན་ནི་དེ་ཡིས་འཚོ་བར་འགྱུར་བས། བཀའ་ཁྲིམས་དད་པ་ལ་མི་རྟེན་ནོ། ༡༣ ཤིང་ཁར་འཕྱར་ལ་བཏང་བ་དེ་མི་གླུད་དོ་ཞེས་མདོ་ན་བྲིས་པ་ལྟར་ང་ཚོའི་ཚབ་ཏུ་མཱ་ཤི་ཀ་མི་གླུད་དུ་གྱུར་པས། བཀའ་ཁྲིམས་ཀྱི་དམོད་པ་ལས་ང་ཚོ་རིན་གྱིས་བླུས་པ་ཡིན་ནོ། ༡༤ དེའི་དོན་ནི། ཨབ་ར་ཧམ་ལ་གནང་བའི་བྱིན་རླབས་དེ་མཱ་ཤི་ཀ་ཡེ་ཤུའི་ཐབས་ཀྱིས་ཕྱི་པ་རྣམས་ལའང་བབས་ཤིང་། ཞལ་ཆད་མཛད་པའི་ཐུགས་ཉིད་དེ་དད་པའི་སྒོ་ནས་ང་ཚོ་ལ་ཐོབ་པའི་ཕྱིར་རོ༎
༡༥ ཀྱེ་སྤུན་རྣམས། དཔེ་ཞིག་འཆད་ན། མི་ཞིག་གི་ཁ་ཆེམས་ལ་ཐེ་ཙེ་བརྒྱབས་ཟིན་ནས། འཇིག་ཀྱང་མི་ཆོག སྣོན་ཡང་མི་ཆོག་གོ། ༡༦ དེའང་ཞལ་ཆད་རྣམས་ཨབ་ར་ཧམ་དང་ཁོང་གི་སྲས་ལ་གནང་བ་ཡིན། མདོར་ན་སྲས་རྣམས་ཞེས་སྲས་མང་པོ་ཡིན་པ་མི་སྟོན་པར། ཁྱེད་ཀྱི་སྲས་ཞེས་གཅིག་ཡིན་པ་སྟོན་ཞིང་བྲིས་ཡོད་དེ། གཅིག་པོ་དེ་ནི་མཱ་ཤི་ཀའོ། ༡༧ ངའི་དོན་ནི་དཀོན་མཆོག་གིས་སྔར་ཕྱག་རྒྱ་བཏབས་པའི་བཀའ་ཆེམས་དེ་ནི་ལོ་བཞི་བརྒྱ་དང་སུམ་ཅུའི་རྗེས་སུ་བྱུང་བའི་བཀའ་ཁྲིམས་ཀྱིས་འཇིག་མི་ནུས། ཞལ་ཆད་ཀྱང་མེད་པར་བྱེད་མི་ནུས་སོ། ༡༨ གལ་ཏེ་བཀའ་ཁྲིམས་ཀྱི་སྒོ་ནས་ནོར་སྐལ་ཐོབ་ན། ཞལ་ཆད་མི་ཕན་ནོ། འོན་ཀྱང་དཀོན་མཆོག་གིས་ཞལ་ཆད་ཀྱི་སྒོ་ནས་ཨབ་ར་ཧམ་ལ་ཐུགས་རྗེ་མཛད་དོ། ༡༩ དེ་ནས་བཀའ་ཁྲིམས་ཅིའི་ཕྱིར་ཡིན་ཞེ་ན། བཀའ་ཁྲིམས་ནི་ཞལ་ཆད་མཛད་པའི་སྲས་དེ་ཕེབས་པའི་བར་དུ་ཕོ་ཉས་བར་མི་ཞིག་རྒྱུད་ནས་གཏན་ལ་ཕབ་ཅིང་། དེས་ཉེས་སྐྱོན་རྣམས་སྟོན་པའི་ཕྱིར་རོ། ༢༠ དཀོན་མཆོག་ནི་གཅིག་ལགས་ཀྱང་། བར་མི་ནི་གཅིག་ལས་མང་བའི་དོན་ནོ༎
༢༡ བཀའ་ཁྲིམས་ཀྱིས་དཀོན་མཆོག་གི་ཞལ་ཆད་ལ་རྒོལ་ལམ། དེ་མི་སྲིད། གལ་ཏེ་བཀའ་ཁྲིམས་ལ་གསོན་པོར་བྱེད་པའི་ནུས་པ་གནང་བ་ཡིན་ན། བཀའ་ཁྲིམས་ལས་ཐར་པ་བྱུང་བ་ཡིན། ༢༢ འོན་ཀྱང་ཡེ་ཤུ་མཱ་ཤི་ཀ་ལ་དད་པའི་སྒོ་ནས་དད་པ་ཅན་ལ་ཞལ་ཆད་འགྲུབ་པའི་དོན་དུ། གསུང་རབ་ཀྱིས་སྡིག་པའི་ཁོངས་སུ་ཐམས་ཅད་བཅུག་གོ། ༢༣ དད་པ་མ་གྲུབ་པའི་སྔོན་དུ། དད་པ་དེ་མངོན་པའི་བར་ལ་ང་ཚོ་བཀའ་ཁྲིམས་ཀྱི་དགག་བྱའི་འོག་ཏུ་བཅུག་ནས། ༢༤ མཱ་ཤི་ཀ་མ་བྱོན་པའི་བར་དུ་བཀའ་ཁྲིམས་ང་ཚོས་དགེ་རྒན་དེ་ཡིན་པ་ལས། མཱ་ཤི་ཀ་ལ་དད་པས་ཐར་བ་ཡིན་ནོ། ༢༥ ད་དད་པ་དེ་མངོན་པས་ང་ཚོ་ད་དགེ་རྒན་གྱི་འོག་ཏུ་མེད།
༢༦ ཁྱེད་ཚོ་ཐམས་ཅད་ཀྱིས་ཀྱང་མཱ་ཤི་ཀ་ཡེ་ཤུ་ལ་དད་པས། དཀོན་མཆོག་གི་སྲས་ཡིན། ༢༧ མཱ་ཤི་ཀའི་ཁྲུས་ཐོབ་ཚད་མཱ་ཤི་ཀ་དང་ལྡན་ནོ། ༢༨ ད་ཡ་ཧུ་དཱ་པའམ་ཧེལ་ལེན་པ། ཉོས་མིའམ་ཉོས་མི་མིན་པ། སྐྱེས་པའམ་སྐྱེ་དམན་ཞེས་བྱ་བ་མེད་པར། མཱ་ཤི་ཀ་ཡེ་ཤུའི་རྐྱེན་གྱིས་ཁྱེད་ཐམས་ཅད་གཅིག་ཡིན། ༢༩ ཁྱེད་ཚོ་མཱ་ཤི་ཀའི་ཡིན་པས། ཨབ་ར་ཧམ་གྱི་བུ་བརྒྱུད་དང་། ཞལ་ཆད་དང་བསྟུན་ཏེ་བརྒྱུད་འཛིན་ཡིན་ནོ༎