༤
དོན་གང་ལ་བོས་པར་མཛད་པ་དང་འོས་པར་སྤྱོད་ཅིག ཅེས་གཙོ་བོའི་བཙོན་པ་ཡིན་པ་ངས་ཞུ་བ་འབུལ་ལོ། ༢ སྙེམས་ཆུང་དང་། དུལ་བ་དང་། ཐེག་པ་དང་། བྱམས་པས་གཅིག་གིས་གཅིག་ལ་བཟོད་པ་བྱེད་ཅིང་། ༣ ཐུགས་ཉིད་ལས་བྱུང་བའི་མཐུན་པ་དེ་སྡུམ་པའི་འཆིང་བས་ཡུན་རིང་དུ་གནས་པ་ལ་བརྩོན་ཞིག ༤ ཁྱེད་བོས་པར་མཛད་པའི་དོན། རེ་བ་གཅིག་ཡིན་པ་ལྟར། སྐུ་ལུས་གཅིག ཐུགས་ཉིད་གཅིག ༥ གཙོ་བོ་གཅིག དད་པ་གཅིག ཁྲུས་གསོལ་གཅིག ༦ ཐམས་ཅད་ཀྱི་སྟེང་དང་། ཐམས་ཅད་ཀྱི་བར་དང་། ཐམས་ཅད་ཀྱི་ནང་ན་བཞུགས་པའི་ཐམས་ཅད་ཀྱི་དཀོན་མཆོག་དང་ཡབ་གཅིག་ལགས་སོ། ༧ ང་ཚོ་རེ་རེ་ལ་མཱ་ཤི་ཀའི་གནང་སྦྱིན་དང་དཔག་ནས་ཐུགས་རྗེ་སྩལ་བ་ཡིན། ༨ འདི་སྐད་དུ། སྟེང་དུ་འཕགས་དུས་བཙོན་པའི་ཚོགས་འཁྲིད་ནས། ཁོང་གིས་མི་ལ་གནང་སྦྱིན་སྣ་ཚོགས་སྩལ། ཞེས་ཏེ། ༩ ཁོང་འཕགས་སོ་ཞེས་ན། འོག་ཏུ་དམའ་མོའི་ས་ལའང་བབས་པའི་དོན་ཡང་ཡིན་ཏེ། ༡༠ འོག་ཏུ་བབས་པ་ཁོང་ནི། ཐམས་ཅད་བཀང་བའི་དོན་དུ། ནམ་མཁའ་ལས་ཀྱང་ཡར་འཕགས་པ་ཉིད་ལགས་སོ། ༡༡ སྩལ་ཞེས་ན། ཁོང་གིས་ལ་ལར་སྐུ་ཚབ། ལ་ལར་ལུང་སྟོན་པ། ལ་ལར་ཕྲིན་བཟང་འཆད་པ། ལ་ལར་རྫི་བོའམ་སློབ་དཔོན་གྱི་གནང་སྦྱིན་སྩལ་བ་ཡིན་ཏེ། ༡༢-༡༣ མཱ་ཤི་ཀའི་སྐུ་ཚད་དང་ལོངས་པར་ང་ཚོ་ནར་སོན་པའི་བར་དུ། ང་ཚོ་ཐམས་ཅད་ཀྱིས་དཀོན་མཆོག་གི་སྲས་ངོ་རྟོགས་ནས་དད་པའི་ནང་གཅིག་ཏུ་འགྱུར་ཞིང་། མཱ་ཤི་ཀ་པ་རྣམས་ཕུན་སུམ་ཚོགས་པར་ཞབས་ཏོག་བྱེད་ཅིང་། མཱ་ཤི་ཀའི་སྐུ་ལུས་ཡར་བཞེང་བར་འགྱུར་རོ། ༡༤ དེ་ལྟར་ཕྱིན་ཆད་ང་ཚོ་གཡོ་ཁྲམ་དང་ཟོལ་ཟོག་གིས་ལོག་ལྟ་སྐྱེད་པའི་ལྟ་བ་སྣ་ཚོགས་ཀྱི་རླུང་གིས་སྐྱོད་པའི་བྱིས་པར་མ་འགྱུར་བར། ༡༥ བྱམས་སེམས་ཀྱིས་བདེན་པ་སྨྲ་ཞིང་མཱ་ཤི་ཀའི་ནང་དུ་ཅིས་ནས་སྐྱེད་ལ་འོང་བར་དགོས། ༡༦ མཱ་ཤི་ཀ་ནི་དབུ་ལགས་ཏེ། ལུས་ཧྲིལ་པོ་ནི། དེའི་ཚིགས་རྣམས་ཀྱིས་བསྒྲིགས་ནས་འབྲེལ་ཏེ། ཡན་ལག་རེ་ལ་ཡོད་པའི་ནུས་ཚད་བཞིན་དུ་བྱམས་པའི་སྒོ་ནས་ལུས་བཞེང་ཞིང་ཡར་སྐྱེད་དོ༎༡༧ ངས་མཱ་ཤི་ཀ་པ་བཞིན་དཔང་པོ་བྱེད་ཅིང་འདི་ལྟར་ཞུའོ། ཇི་ལྟར་ལྷ་ཆོས་པ་རྣམས་སྙིང་པོ་མེད་པའི་བསམ་པ་ལ་སྤྱོད་ཅིང་། ༡༨ གཏི་མུག་གིས་བློ་གྲོས་མུན་པར་གྱུར་ཏེ། སྙིང་གྱོང་པོའི་རྐྱེན་གྱིས་དཀོན་མཆོག་གིས་གནང་བའི་ཚེ་དང་བྲལ་ཞིང་། ༡༩ དྲེད་པོར་གྱུར་ནས་མི་གཙང་བ་ཐམས་ཅད་ལ་སྲེད་པ་དང་འདོད་ལོག་ལ་སྤྱོད་པ། དེ་ལྟར་ཁྱེད་ཚོས་མ་སྤྱོད་ཅིག ༢༠ མཱ་ཤི་ཀ་ནས་དེ་ལྟར་བསློབས་པ་མིན། ༢༡ ཡེ་ཤུའི་ནང་བདེན་པ་ཡོད་དེ། ཁྱེད་ཚོས་དེ་བཞིན་དུ་ཐོས་ཤིང་བསླབས་པར་ངས་བསམ་མོ། ༢༢ སླུ་བའི་འདོད་ཆགས་ཀྱིས་རུལ་བའི་སྔོན་གྱི་སྤྱོད་ལམ་གྱི་གཤིས་རྙིང་པའི་གོས་དེ་ཕུད་ཅིག ༢༣ ཐུགས་ཉིད་ཀྱིས་ཡིད་གསར་པར་གྱུར་ཅིག ༢༤ ཡང་དག་པའི་དྲང་བ་དང་དམ་པ་ལ་བལྟ་སྟེ། དཀོན་མཆོག་དང་མཚུངས་པའི་གཤིས་གསར་པའི་གོས་དེ་གྱོན་ཞིག
༢༥ ང་ཚོ་ཕན་ཚུན་ཡན་ལག་ཡིན་པས། རྫུན་སྤངས་ཏེ། རེ་རེས་ཁྱིམ་མཚེས་ལ་དྲང་པོ་སྨྲོས་ཤིག ༢༦ ཁྲོ་རུང་སྡིག་པ་མ་བྱེད་ཅིག ཉི་མ་ནུབ་པའི་བར་དུ་ཁྲོ་བ་ཞི་ཞིག ༢༧ བདུད་ལ་སྐབས་མ་ཐོངས་ཤིག ༢༨ རྐུན་མས་ཕྱིན་ཆད་མི་རྐུ་ཞིང་། དབུལ་པོ་ལའང་སྦྱིན་ནུས་པའི་ཕྱིར། ལས་དྲང་པོ་བྱེད་ཅིང་རང་གི་ལག་པས་འབད་པར་གྱིས་ཤིག ༢༩ ཚིག་ངན་པ་ཁྱེད་ཀྱི་ཁ་ནས་འཐོན་མི་འཇུག་པར། ཉན་མཁན་ལ་ཕན་འདོགས་པའི་ཕྱིར། གོ་སྐབས་བཞིན་དུ་ཡར་སྐྱེད་ལ་ཕན་པའི་གཏམ་སྨྲོས་ཤིག ༣༠ སྒྲོལ་བའི་ཉིན་མོའི་ཕྱིར་ཁྱོད་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱི་ཕྱག་རྒྱས་བཏབ་ཡོད་པས། ཐུགས་ཉིད་སྐྱོ་བར་མ་བྱེད་ཅིག ༣༡ འཁོན་དང་། གཏུམ་པ་དང་། ཁྲོ་བ་དང་། ཀུ་སྒྲ་དང་། གཏམ་ངན་ཀུན་དང་། བྱ་བ་ངན་པ་ཐམས་ཅད་བཅས་སྤོངས་ཤིག ༣༢ གཅིག་གིས་གཅིག་ལ་ཕན་སེམས་གྱིས་ཤིག དཀོན་མཆོག་གིས་མཱ་ཤི་ཀའི་སྒོ་ནས་ཁྱེད་ཚོའི་སྡིག་པ་བསལ་བ་ལྟར། ཁྱེད་ཚོས་ཀྱང་ཕན་ཚུན་བྱམས་ཤིང་བཟོད་པར་གྱིས་ཤིག།