དཀོན་མཆོག་གི་གཅེས་ཕྲུག་ལྟར་དཀོན་མཆོག་དཔེ་རུ་ལོང་ཞིག  ཇི་ལྟར་མཱ་ཤི་ཀས་ང་ཚོར་བྱམས་པ་མཛད་དེ། ང་ཚོའི་དོན་དུ་རང་ཉིད་དཀོན་མཆོག་ལ་དྲི་ཞིམ་གྱི་མཆོད་པ་དང་འབུལ་བར་ཕུལ་བ་ལྟར། བྱམས་པའི་སྤྱོད་པ་ལ་འཇུག་ཅིག  མཱ་ཤི་ཀ་པས་སྤྱོད་འོས་པ་ལྟར་སྤྱོད་ཅིང་། ཁྱེད་ཚོའི་ཁྲོད་ན་འདོད་ལོག་དང་། མི་གཙང་བའམ་བརྣབ་སེམས་ཐམས་ཅད་མིང་ཙམ་ཡང་མེད་པར་བྱེད་དགོས།  འཆལ་གཏམ་མམ། ངག་ཀྱལ་ལམ། ངོ་ཚ་མེད་པའི་གཏམ་མི་བྱེད་པར། དེའི་ཚབ་ཏུ་དཀོན་མཆོག་ལ་གཏང་རག་འབུལ་ཞིག  གཡེམ་པོ་དང་། ཚུལ་མེད་དང་། ནོར་ལྷ་བསྟེན་པའི་འདོད་སྲེད་ཅན་ལ། མཱ་ཤི་ཀ་དང་དཀོན་མཆོག་གི་རྒྱལ་སྲིད་ཀྱི་སྐལ་བ་མེད་པ་ཁྱེད་ཚོས་ལེགས་པར་ཤེས་ཤིག
 བཀའ་ལ་མི་ཉན་པ་རྣམས་ལ་དེ་རྣམས་ཀྱི་རྐྱེན་གྱིས་དཀོན་མཆོག་གི་ཐུགས་ཁྲོ་འཕོག་པས། སུས་ཀྱང་སྙིང་པོ་མེད་པའི་གཏམ་གྱིས་ཁྱེད་སླུ་རུ་མ་འཇུག་ཅིག  དེ་བས་ན་དེ་རྣམས་དང་མ་འགྲོགས་ཤིག  སྔར་ཁྱེད་མུན་པ་ཡིན་ཀྱང་། ད་གཙོ་བོའི་རྐྱེན་གྱིས་འོད་ཡིན་པས། འོད་ཀྱི་བུ་ལྟར་སྤྱོད་ཅིག  བཟང་པོ་དང་དྲང་པོ་དང་བདེན་པ་ཡིན་པ་ཐམས་ཅད་ཀྱི་ནང་ན། འོད་ཀྱི་འབྲས་བུ་རྙེད་དོ། ༡༠ གཙོ་བོ་ཅི་ལ་དགྱེས་པ་འཚོལ་ཞིག ༡༡ ཕན་མེད་ཀྱི་མུན་པའི་བྱ་བའི་ནང་མ་འདྲེ་བར། དེ་རྣམས་རྗེན་པར་དངོས་སུ་སྟོན་ཞིག ༡༢ དེ་ཚོས་གསང་སྟེ་བྱེད་པའི་བྱ་བ་རྣམས་ནི་བརྗོད་པ་ལའང་ངོ་ཚའོ། ༡༣ མཐོང་ཐུབ་པ་རྣམས་འོད་ཡིན་པས། འོད་ཀྱིས་རྗེན་པར་དངོས་སུ་སྟོན་པ་ཐམས་ཅད་མཐོང་ཐུབ་བོ། ༡༤ དེའི་ཕྱིར་འདི་སྐད་དུ།
གཉིད་ལོག་མཁན་ཁྱེད་རྣམས་གཉིད་སོད་ཅིག།
ཤི་མཁན་གྱི་ཁྲོད་ལས་ལོངས་ཤིག་དང་༎
མཱ་ཤི་ཀ་ཁྱེད་ཐོག་ཤར་བར་འགྱུར༎
ཞེས་ཟེར་རོ། ༡༥ དེ་བས་ན་ཇི་ལྟར་སྤྱོད་པ་ལ་ཞིབ་པར་ལྟོས་ཤིག བླུན་པོ་ལྟར་མི་སྤྱོད་པར་མཁས་པ་ལྟར་སྤྱོད་ཅིག ༡༦ དུས་འདི་ངན་པ་ཡིན་པས། དུས་སྐབས་ཀྱི་ཁེ་བཟང་ལེན་ཞིག ༡༧ དེའི་ཕྱིར་བླུན་པོར་མི་འགྱུར་བར། གཙོ་བོའི་ཐུགས་དགོངས་ཅི་ཡིན་པ་གོ་ཞིག ༡༨ སྤྱོད་པ་ངན་པའི་རྒྱུ་ཡིན་པའི་ཆང་གིས་བཟི་བར་མ་འགྱུར་བར་ཐུགས་ཉིད་ཀྱིས་བཟི་བར་གྱུར་ཅིག ༡༩ གསུང་མགུར་དང་། མགུར་མ་དང་། ཆོས་དབྱངས་ལེན་ཞིང་། ཕན་ཚུན་འབེལ་གཏམ་བྱོས་ཤིག སྙིང་ཐག་པ་ནས་གཙོ་བོ་ལ་དབྱངས་དང་རོལ་མོ་ཕུལ་ཞིག ༢༠ ང་ཚོའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་མཚན་བརྗོད་ཅིང་རྒྱུན་དུ་ཐམས་ཅད་ཀྱི་ཕྱིར། ཡབ་དཀོན་མཆོག་ལ་གཏང་རག་ཕུལ་ཞིག ༢༡ མཱ་ཤི་ཀ་ལ་གུས་ཤིང་གཅིག་གིས་གཅིག་ལ་འབངས་བྱོས་ཤིག
༢༢ ཆུང་མ་རྣམས། གཙོ་བོའི་འབངས་བྱེད་པ་ལྟར་ཁྱོའི་འབངས་བྱོས་ཤིག ༢༣ མཱ་ཤི་ཀ་ནི་ཉིད་ཀྱི་སྐུ་ལུས་ཡིན་པའི་ཆོས་ཚོགས་ཀྱི་དབུ་དང་སྐྱབས་མགོན་ཡིན་པ་ལྟར། ཁྱོ་ནི་ཆུང་མའི་མགོ་ཡིན་པས། ༢༤ ཆོས་ཚོགས་ནི་མཱ་ཤི་ཀའི་འབངས་ཡིན་པ་ལྟར། ཆུང་མའང་དུས་ཀུན་དུ་ཁྱོའི་འབངས་བྱེད་པར་རིགས་སོ། ༢༥ ཁྱོ་བོ་རྣམས། མཱ་ཤི་ཀས་ཆོས་ཚོགས་ཀྱི་དོན་དུ་ཉིད་ཀྱི་སྐུ་སྲོག་གནང་བ་ཙམ་གྱིས་བྱམས་པ་མཛད་པ་ལྟར། ཆུང་མ་ལ་བྱམས་པ་བྱོས་ཤིག ༢༦-༢༧ ཆོས་ཚོགས་དེ་རྨེ་བ་དང་གཉེར་མ་ལ་སོགས་པ་མེད་པར། དམ་པ་དང་སྐྱོན་མེད་ཅིང་ཟིལ་དང་བཅས་སུ་བཞེས་པའི་ཕྱིར། མཱ་ཤི་ཀའི་བཀའ་དང་ཆུའི་ཁྲུས་ཀྱིས་ཆོས་ཚོགས་གཙང་བར་མཛད་དོ། ༢༨ དེ་བཞིན་དུ་ཁྱོ་བོས་ཆུང་མ་ལ་རང་གི་ལུས་ཡིན་པ་ལྟར་བྱམས་པ་ཡིན། ༢༩-༣༠ མཱ་ཤི་ཀས་ཉིད་ཀྱི་སྐུའི་ཡན་ལག་ཡིན་པའི་ཆོས་ཚོགས་གསོ་བ་ལྟར། སུས་ཀྱང་རང་གི་ལུས་ལ་ནམ་ཡང་མ་སྡང་བར་ཟས་སྟེར་ཞིང་གསོའོ། ༣༡ སྐྱེས་པས་ཕ་མ་སྤངས་ནས། ཆུང་མ་དང་འགྲོགས་ཤིང་དེ་གཉིས་གཅིག་ཏུ་འགྱུར་འོང་། ༣༢ མཱ་ཤི་ཀ་དང་ཆོས་ཚོགས་ལ་དམིགས་ནས་འདི་ནི་གསང་བ་ཆེན་པོའོ། ༣༣ ཅི་ཡིན་ཀྱང་ཁྱེད་རེ་རེས་ཆུང་མ་ལ་རང་ལྟར་བྱམས་ཤིག ཆུང་མས་ཀྱང་ཁྱོ་ལ་གུས་པར་གྱིས་ཤིག།