༦
བུ་རྣམས། ཕ་མའི་བཀའ་ལ་ཉོན་ཅིག དེ་ནི་འོས་པའོ། ༢-༣ ཕ་དང་མ་ལ་བཀུར་སྟི་བྱོས་ཤིག དེ་ནི་ཁྱོད་བདེ་ཞིང་ལེགས་ཤིང་ས་ལ་ཚེ་རིང་བར་འགྱུར་ཞེས་པའི་ཞལ་ཆད་ཡོད་པའི་བཀའ་རྒྱ་དང་པོའོ། ༤ ཕ་ཚོ། བུ་རྣམས་ཁྲོར་མ་འཇུག་པར། གཙོ་བོའི་བཅུན་ལུགས་དང་ཞལ་གདམས་བཞིན་དུ་སྐྱེད་སྲིང་ཞིག༥ གཡོག་པོ་རྣམས། མཱ་ཤི་ཀའི་བཀའ་ལ་ཉན་པ་ལྟར། འཇིག་རྟེན་གྱི་ལུགས་སུ་དཔོན་པོ་ཡིན་པ་རྣམས་ལ། འཇིགས་ཤིང་འདར་གྱིན་བློ་དྲང་པོས་ཁ་ལ་ཉོན་ཅིག ༦ ངོ་སོ་བྱེད་མཁན་ལྟར་མིག་མཐོང་གི་གཡོག་མི་བྱེད་པར། མཱ་ཤི་ཀའི་ཞབས་ཕྱི་དང་འདྲ་བར་སྙིང་ནས་དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་གཡོག་བྱོས་ཤིག ༧-༨ ཚེ་གཡོག་ཡིན་རུང་མིན་རུང་། རང་གིས་བཟང་པོ་བྱས་པ་དང་བསྟུན་ཏེ་གཙོ་བོ་ནས་གནང་སྦྱིན་ཐོབ་པར་འགྱུར་བ་ཤེས་ཏེ། ཞབས་ཏོག་མི་ལ་མི་བྱེད་པར་གཙོ་བོ་ལ་ཞུ་བ་ལྟར་སེམས་བཟང་གིས་བྱོས་ཤིག ༩ དཔོན་པོ་རྣམས། ཁྱེད་ཚོས་ཀྱང་དེ་རྣམས་ལ་དེ་མཚུངས་བྱོས་ཤིག དེ་རྣམས་ལ་འཇིགས་རྔམ་མི་སྐུལ་བར། ཁྱེད་ཚོ་དང་དེ་ཚོའི་དཔོན་པོ་ཕྱོགས་རིས་མེད་པ་ནི་ནམ་མཁར་བཞུགས་པ་ཤེས་པར་གྱིས་ཤིག
༡༠ མཐར་གཙོ་བོའི་ནུས་མཐུའི་སྟོབས་ཀྱིས་མཱ་ཤི་ཀ་པ་སྟོབས་ཅན་དུ་གྱུར་ཅིག ༡༡ བདུད་ཀྱི་བྱུས་ངོར་བརྟན་པོར་གནས་ཐུབ་པའི་ཕྱིར་དཀོན་མཆོག་གི་གོ་ཆ་ཚང་མ་གྱོན་ཅིག ༡༢ ཅིའི་ཕྱིར་ཞེ་ན། ང་ཚོས་ཤ་དང་ཁྲག་ལ་མི་འཐབ་ཀྱི། དབང་དང་། སྲིད་དང་། འཇིག་རྟེན་འདིའི་མུན་པའི་ལྷ་དང་། མཁའ་ལ་རྒྱུ་བའི་འབྱུང་པོའི་དམག་དཔུང་ལ་འཐབ་བོ། ༡༣ དེའི་ཕྱིར་ཞག་ངན་པའི་ཉིན་མོར་བརྟན་པོར་སྲུང་ཐུབ་ཅིང་། ཐམས་ཅད་བསྒྲུབས་ནས་རྒྱལ་ཐུབ་པའི་ཕྱིར། དཀོན་མཆོག་གི་གོ་ཆ་ཚང་མ་གྱོན་ཅིག ༡༤ བདེན་པ་ཉིད་ཀྱི་སྐ་རགས་བཅིངས། དྲང་པོའི་གོ་ཁྲབ་གྱོན། ༡༥ ཞི་བདེའི་ཕྲིན་བཟང་ཡིན་པའི་རྐང་མགྱོགས་ཀྱི་ལྷམ་རྐང་པར་གོན། ༡༦ བདུད་ཀྱི་མེ་འབར་བའི་མདའ་ཐམས་ཅད་ཕྱིར་ཟློག་ཐུབ་པའི་ཕྱིར། ཀུན་ལས་གལ་ཆེ་བ་དད་པའི་ཕུབ་ཁུར་ལ་ལོངས། ༡༧ ཐར་པའི་རྨོག་གོན་ནས། དཀོན་མཆོག་གི་བཀའ་ཡིན་པའི་ཐུགས་ཉིད་ཀྱི་རལ་གྲི་ཁུར་ཞིག ༡༨ རྒྱུན་ཆད་མེད་པར་ཐུགས་ཉིད་ཀྱི་སྒོ་ནས། གསོལ་བ་སྨོན་ལམ་ཐོབ་ཅིག མཱ་ཤི་ཀ་པ་ཐམས་ཅད་ཀྱི་དོན་དུ་ཉིན་མཚན་མེད་པར་བརྩོན་པས་གསོལ་བ་ཐོབ་ཅིག ༡༩ ངས་ཕྲིན་བཟང་གི་གསང་བ་སྤོབས་པས་འཆད་ཕྱིར་ཁ་འབྱེད་པའི་ཚེ་ངག་དབང་གནང་བའི་དོན་དུ་གསོལ་བ་ཐོབ་ཅིག་དང་། ༢༠ ཕྲིན་བཟང་གི་དོན་དུ་ང་ལྕགས་སྒྲོག་གིས་བཅིངས་པའི་སྐུ་ཚབ་ཡིན་ནའང་། འཆད་འོས་པ་ལྟར་སྤོབས་པས་འཆད་པར་འགྱུར།
༢༡ ཁྱེད་ཚོས་ཀྱང་ངའི་གནས་ཚུལ་དང་ལས་ཤེས་པའི་ཕྱིར། གཙོ་བོའི་ནང་ཞབས་ཏོག་པ་དྲང་པོ་ཡིན་པའི་སྤུན་གཅེས་པ་ཏི་ཁི་ཀུས་ཐམས་ཅད་འཆད་པར་འགྱུར་རོ། ༢༢ ང་ཚོའི་གནས་ཚུལ་ཤེས་ཏེ། ཁྱེད་ཚོར་སྙིང་རུས་འཇུག་པའི་དོན་དུ་ཁོ་ཁྱེད་ཚོའི་རྩར་གཏོང་ངོ་༎