༢
ད་མཱ་ཤི་ཀའི་ནང་ན་སེམས་གསོ་དང་། བྱམས་སེམས་ཀྱི་ནང་ན་བློ་བདེ་དང་། ཐུགས་ཉིད་ཀྱི་ནང་ན་འགྲོགས་ལུགས་དང་། སྙིང་རྗེ་དང་། ཤ་ཚ་ཡོད་པ་རྩི་ན། ༢ སྙིང་གཅིག་པ་དང་། བྱམས་སེམས་གཅིག་པ་དང་། སྲོག་གཅིག་བློ་གཅིག་ཏུ་འགྱུར་ཏེ། ངའི་དགའ་སྤྲོ་རྫོགས་པར་བྱོས་ཤིག ༣ འགྲན་སེམས་དང་ངོམ་སེམས་ཀྱིས་ཅིའང་མི་བྱེད་པར། དམན་སེམས་ཀྱིས་རང་ལས་གཞན་རྣམས་ལྷག་པར་རྩིས་ཤིག ༤ རེ་རེས་རང་དོན་འབའ་ཞིག་ལ་མི་ལྟ་བར་གཞན་དོན་ལའང་ལྟོས་ཤིག ༥ མཱ་ཤི་ཀ་ཡེ་ཤུས་ཇི་ལྟར་དགོངས་པ་ལྟར་ཁྱེད་ཚོས་ཀྱང་ཕན་ཚུན་དེ་ལྟར་སོམས་ཤིག༦ ཁོང་ནི་དཀོན་མཆོག་ས་ལྡན་ཡང་༎
དཀོན་མཆོག་དང་ནི་མཉམ་པ་སྤངས༎
༧ ཉིད་ཀྱི་གཟི་བརྗིད་དོར་མཛད་དེ༎
བྲན་གྱི་ས་ནི་ཡོངས་བཞེས་ནས༎
མི་ཕལ་རྣམས་དང་འདྲ་བར་འགྱུར༎
༨ མི་ཡི་རྣམ་འགྱུར་ལྡན་པས་ན༎
དམན་ས་བཟུང་ཞིང་རྒྱང་ཤིང་ཁར༎
གྲོངས་པ་ཙམ་དུ་བཀའ་འབངས་མཛད༎
༩ དེ་ཡི་ཕྱིར་དུ་དཀོན་མཆོག་གིས༎
མཚན་རྣམས་ཡོངས་ལས་མཐོ་བའི་མཚན༎
ཁོང་ལ་གནང་ཞིང་འཕགས་པར་མཛད༎
༡༠ ཡེ་ཤུའི་མཚན་ནི་རྗོད་ཙམ་དུ༎
ས་འོག་ས་སྟེང་ས་བླ་གསུམ༎
པུས་མོ་འཛུག་ཅིང་ལྕེ་རེ་རེས༎
༡༡ ཡེ་ཤུ་མཱ་ཤི་ཀ་འབའ་ཞིག།
གཙོ་བོ་ལགས་ཞེས་ཁས་བླང་ཞིང་༎
དཀོན་མཆོག་ཡབ་ལ་བསྟོད་པར་འགྱུར༎
༡༢ དེ་ལྟར་ངའི་གཅེས་པ་རྣམས་ཁྱེད་རྟག་ཏུ་ངའི་ཁ་ལ་ཉན་པ་ལྟར། ང་དེར་ཡོད་པ་བས་ལྷག་པར་ད་ལྟ་ང་དེར་མེད་ཙ་ན། འཇིགས་ཤིང་འདར་ཞིང་རང་གི་ཐར་པ་སྒྲུབས་ཤིག ༡༣ ཉིད་ཀྱི་ཐུགས་འདོད་བཟང་པོ་སྒྲུབ་ཕྱིར་ཁྱེད་ཚོའི་ནང་ཀུན་ལོང་དང་ལག་ལེན་གཉིས་སྩལ་མཁན་ནི་དཀོན་མཆོག་ལགས་སོ། ༡༤ ཟུར་ཟ་དང་ཁ་རྩོད་མེད་པར་བྱ་བ་ཐམས་ཅད་བྱོས་ཤིག་དང་། ༡༥ གཡོ་ཅན་དང་ཕྱིན་ཅི་ལོག་པའི་མི་བརྒྱུད་ཀྱི་དཀྱིལ་དུ། ཁྱེད་ཅག་སྐྱོན་མེད་དང་ཉེས་མེད། དཀོན་མཆོག་གི་སྲས་དྲི་མ་མེད་པར་འགྱུར་ནས། གསོན་པ་ཉིད་ཀྱི་བཀའ་དམ་དུ་བཟུང་ཞིང་། འཇིག་རྟེན་ནང་སྒྲོན་མེ་ལྟར་འབར་བར་འགྱུར། ༡༦ དེ་ནས་མཱ་ཤི་ཀའི་ཉིན་མོར་ང་ཕར་ཚུར་བརྒྱུགས་པ་དང་ངའི་རྩོལ་བ་དོན་མེད་དུ་མ་གྱུར་པ་ལ་ང་ཡི་རང་བར་འགྱུར་རོ། ༡༧ གལ་ཏེ་ཁྱེད་ཚོའི་དད་པའི་མཆོད་པ་དང་རིམ་འགྲོ་ལ་ངའི་ཁྲག་གསེར་སྐྱེམས་སུ་བླུག་དགོས་ཀྱང་ང་དགའ་ཞིང་། ཁྱེད་ཚོ་དང་མཉམ་དུ་ཡི་རངས་པར་བྱའོ། ༡༨ དེ་བཞིན་དུ་ཁྱེད་ཚོའང་དགའ་ཞིང་ང་དང་མཉམ་དུ་ཡི་རང་བར་འགྱུར་ཅིག
༡༩ ཁྱེད་ཚོའི་གནས་ཚུལ་ཐོས་ཤིང་བློ་བདེ་བའི་ཕྱིར་དུ། ངས་ཏི་མོ་ཐེའུ་ཁྱེད་ཚོའི་རྩར་མྱུར་དུ་གཏོང་བའི་རེ་བ་གཙོ་བོ་ཡེ་ཤུ་ལས་བྱེད་དོ། ༢༠ ཁྱེད་ཚོའི་དོན་དུ་བདེན་པར་ཤ་ཚ་བྱེད་མཁན་ཁོ་འདྲ་བ་ངའི་རྩར་གཞན་མེད། ༢༡ གཞན་རྣམས་ཀྱིས་མཱ་ཤི་ཀའི་དོན་ལ་མི་ལྟ་བར་རང་དོན་བྱེད་དོ། ༢༢ བུས་ཕ་དང་མཉམ་དུ་གང་བྱེད་པ་ལྟར་ཏི་མོ་ཐེའུས་ང་དང་མཉམ་དུ་ཕྲིན་བཟང་སྤེལ་བའི་ཞབས་ཏོག་བྱས་པས་ཁོའི་རིན་ཐང་ཆེ་བ་ནི་ཁྱེད་ཚོར་རྒྱུས་ཡོད། ༢༣ ང་ལ་ཅི་བྱུང་འོང་བ་ཤེས་མ་ཐག་ཏུ་ཁོ་དེར་གཏོང་བའི་རེ་བ་ཡོད། ༢༤ ང་རང་ཡང་མྱུར་དུ་དེར་སླེབས་ཐུབ་པར་གཙོ་བོ་ལ་བློ་གདེང་བྱེད་དོ༎
༢༥ ངའི་སྤུན་དང་ལས་གྲོགས་དང་འཐབ་གྲོགས། ཁྱེད་ཚོའི་བང་ཆེན་དང་། ངའི་མཁོ་ཆས་སྒྲིག་མཁན་ཨེ་པཱབ་རོ་དི་ཏུ་ཁྱེད་ཚོའི་རྩར་ལོག་གཏོང་བ་གལ་ཆེ་བར་སེམས་སོ། ༢༦ ཁོས་ཁྱེད་ཐམས་ཅད་བསམ་ཞིང་། ཁོ་ན་བ་ཁྱེད་ཚོས་ཐོས་པས་ལྷག་པར་སེམས་ཁྲལ་བྱེད་དོ། ༢༧ ཁོ་ན་ནས་འཆི་བ་ལ་ཐུག་ཀྱང་། དཀོན་མཆོག་གིས་སྙིང་རྗེ་མཛད་བྱུང་། ཁོ་མ་ཟད་ང་ལའང་མྱ་ངན་གྱི་ཁར་མྱ་ངན་མི་འབྱུང་ཕྱིར་སྙིང་རྗེ་མཛད་བྱུང་། ༢༨ ཁོ་མཐོང་ནས་ཁྱེད་ཚོ་དགའ་བའི་ཕྱིར་དང་། ང་བློ་བདེ་བའི་ཕྱིར་ཁོ་དེར་གཏོང་བར་རིངས་སོ། ༢༩-༣༠ ང་ལ་ཁྱེད་ཚོའི་ཞབས་ཏོག་ཡོངས་སུ་གྲུབ་པའི་ཕྱིར་ཁོས་རང་སྲོག་ལའང་མ་ལྟ་བར། མཱ་ཤི་ཀའི་ཕྲིན་ལས་ཀྱི་དོན་དུ་འཆི་བ་ལ་ཐུག་པས། གཙོ་བོའི་ཕྱིར་ཡི་རང་ཞིང་ཁོར་བསུ་བ་གྱིས་ཤིག འདི་འདྲ་བའི་སྐྱེས་བུར་ཞེ་ས་བྱོས་ཤིག།