ཀོ་ལོ་སཱ་པར་བསྐུར་པའི་འཕྲིན་ཡིག
༡
དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་མཱ་ཤི་ཀ་ཡེ་ཤུའི་སྐུ་ཚབ་ཡིན་པའི་པའུ་ལུ་དང་། སྤུན་ཏི་མོ་ཐེའུས། ༢ ཀོ་ལོ་སཱ་རུ་ཡོད་པའི་མཱ་ཤི་ཀ་པའི་སྤུན་དམ་པ་དང་དད་ལྡན་རྣམས་ཀྱི་དྲུང་དུ་ང་ཚོའི་ཡབ་དཀོན་མཆོག་ནས་ཐུགས་རྗེ་དང་ཞི་བདེ་འབབ་པར་ཤོག་ཅིག༣-༤ ཁྱེད་ཚོའི་དོན་དུ་ནམ་མཁར་བཞག་ཡོད་པའི་རེ་བ་དེའི་རྐྱེན་གྱིས། ཁྱེད་ཚོས་མཱ་ཤི་ཀ་ཡེ་ཤུ་ལ་དད་པ་དང་། མཱ་ཤི་ཀ་པ་རྣམས་ལ་གཅེས་པ་ཐོས་ནས། ཁྱེད་ཚོའི་དོན་དུ་སྨོན་ལམ་འདེབས་པའི་ཚེ། གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཡབ་དཀོན་མཆོག་ལ་རྒྱུན་དུ་གཏང་རག་འབུལ་ལོ། ༥-༦ རེ་བ་དེ་བདེན་པའི་ཕྲིན་བཟང་ཁྱེད་རྩར་ཕེབས་པ་ལས་ཁྱེད་ཀྱིས་ཐོས་ཏེ། འཇིག་རྟེན་ཐམས་ཅད་ལ་ཕྲིན་བཟང་དེ་འབྲས་བུ་དང་ལྡན་ཞིང་དར་བ་ལྟར། ཁྱེད་ཚོས་དཀོན་མཆོག་གི་ཐུགས་རྗེ་བདེན་པར་ཐོས་ཤིང་རྟོགས་པའི་ཉིན་མོ་ནས་ཁྱེད་ཚོའི་ནང་དུའང་དེ་ལྟར་དར་རོ། ༧ དེ་རྣམས་ཁྱེད་ཚོས་ངའི་གཅེས་པའི་གཡོག་གྲོགས་ཨེ་པབ་རཱ་ནས་ཐོས་ཏེ། ཁོ་ནི་ང་ཚོའི་དོན་དུ་མཱ་ཤི་ཀའི་ཞབས་ཏོག་པ་དྲང་པོ་ཡིན་ཅིང་། ༨ ཐུགས་ཉིད་ལས་བྱུང་བའི་ཁྱེད་ཀྱི་བྱམས་སེམས་ང་ཚོ་ལ་བཤད་དོ༎
༩ དེ་ལྟར་ང་ཚོས་དེ་ཐོས་པ་ནས་བཟུངས་ཏེ། ཁྱེད་རྣམས་ཡེ་ཤེས་དང་ཤེས་རབ་དང་ལྡན་ཏེ་གཙོ་བོའི་ཐུགས་དགོངས་ཀྱི་རྟོགས་པས་གང་ནས། ༡༠ ཁྱེད་ཚོའི་སྤྱོད་ལམ་གཙོ་བོ་ལ་འོས་པ། ཁོང་ཡོངས་སུ་དགྱེས་པ་དང་། ཁྱེད་ཚོའི་ལས་བཟང་ཐམས་ཅད་འབྲས་བུ་དང་ལྡན་པ་དང་། དཀོན་མཆོག་གི་རྟོགས་པ་འཕེལ་བ་དང་། ༡༡ དགའ་བས་ཀུན་ནས་བཟོད་པ་དང་བསྲན་ཐུབ་པའི་ཕྱིར། ཁོང་གི་མཐུ་སྟོབས་བཞིན་སྟོབས་ཐམས་ཅད་དང་ལྡན་པར་མཛད་པ་དང་། ༡༢ འོད་ཀྱི་སྐྱེས་བུ་དང་མཉམ་དུ་ནོར་སྐལ་ཐོབ་འོས་པར་མཛད་པའི་ཡབ་ལ་གཏང་རག་འབུལ་བའི་ཕྱིར། སྨོན་ལམ་ཆད་མེད་ཞུའོ། ༡༣-༡༤ ཁོང་གིས་ང་ཚོ་མུན་པའི་དབང་ལས་བསྒྲལ་ཏེ། སྡིག་པ་སེལ་བའི་ཐར་ལམ་གནང་བའི་ཉིད་ཀྱི་གཅེས་པའི་སྲས་ཀྱི་རྒྱལ་སྲིད་ནང་བཅུག་པར་མཛད་དོ༎
༡༥ མཐོང་དུ་མེད་པའི་དཀོན་མཆོག་གི། སྐུ་བརྙན་ཡིན་པའི་མཱ་ཤི་ཀ བཀོད་པ་ཡོངས་ཀྱི་སྔོན་འཁྲུངས་སོ། ༡༦ ཁོང་གི་སྒོ་ནས་ནམ་མཁའ་དང་། ས་ལ་ཡོད་པ་ཐམས་ཅད་དང་། མིག་གིས་མཐོང་དང་མི་མཐོང་དང་། རྒྱལ་པོའི་ཁྲིའམ་སྲིད་ཡིན་རུང་། དབང་དང་མངའ་ཐང་ཡོད་དོ་ཅོག ཁོང་རྒྱུད་ཁོང་ཕྱིར་བཀོད་པ་ཡིན། ༡༧ ཀུན་ལས་སྔ་མ་ཁོང་ལགས་ཏེ། ཁོང་གི་ངང་ན་ཐམས་ཅད་གནས། ༡༨ སྐུ་ལུས་ཡིན་པའི་ཆོས་ཚོགས་ཀྱི། ཁོང་ནི་དབུ་དང་ཐོག་མ་ཡིན། གཤིན་པོའི་ཁྲོད་ལས་སྔོན་འཁྲུངས་ཏེ། རྣམ་པ་ཀུན་ཏུ་མཆོག་ལགས་སོ། ༡༩ ཁོང་གི་ནང་དུ་དཀོན་མཆོག་ཉིད། རབ་ཏུ་ཚང་བར་བཞུགས་པ་དང་། ༢༠ བརྐྱངས་པའི་སྐུ་ཁྲག་གི་ཐབས་ཀྱིས། ཁོང་རྒྱུད་གནམ་སར་ཡོད་ཐམས་ཅད། ཉིད་དང་སྡུམ་པར་རབ་ཏུ་དགྱེས།
༢༡ ཁྱེད་རྣམས་སྔར་སོ་སོར་འཁྱར་ནས། ལས་ངན་བྱེད་ཅིང་གདུག་རྩུབ་བྱས་ཀྱང་། ༢༢ ད་ཁྱེད་ཚོ་དམ་པ་དང་སྐྱོན་མེད་པ་དང་སྨད་དུ་མི་རུང་བར་ཉིད་ཀྱི་དྲུང་དུ་བཞེས་ཕྱིར། མཱ་ཤི་ཀ་གྲོངས་པའི་སྒོ་ནས་ཉིད་ཀྱི་ཤ་ཁྲག་གི་སྐུ་ལུས་ནང་སྡུམ་པ་ཡིན་ནོ། ༢༣ གལ་ཏེ་ཁྱེད་ཚོའི་དད་པའི་གཞི་མར་བརྟན་པོར་གནས་ཏེ། གནམ་འོག་གི་སེམས་ཅན་ཐམས་ཅད་ལ་བཤད་པ་དང་གང་གི་ཞབས་ཏོག་པ་པའུ་ལུ་ང་ཡིན་པའི་ཕྲིན་བཟང་ཁྱེད་ཚོས་ཐོས་པ་དེའི་རེ་བ་ལས་མི་འདའ་ན་དེ་ལྟར་འགྱུར་རོ༎
༢༤ ཁྱེད་ཚོའི་དོན་དུ་སྡུག་བསྔལ་མྱོང་བ་ལ་ང་དགའ་མགུ་རང་ངོ་། མཱ་ཤི་ཀའི་སྡུག་བསྔལ་གྱི་ལྷག་མ་དེ། ཁོང་གི་སྐུ་ལུས་ལགས་པའི་ཆོས་ཚོགས་ཀྱི་དོན་དུ། ངའི་ལུས་ཀྱི་ཟུག་རྔུས་རྫོགས་པར་བྱེད་དོ། ༢༥ དཀོན་མཆོག་གི་བཀའ་རབ་ཏུ་འཆད་པའི་ཕྱིར། དཀོན་མཆོག་གིས་བསྐོས་པ་བཞིན་དུ་ཁྱེད་ཚོའི་དོན་དུ་ང་ཆོས་ཚོགས་ཀྱི་ཞབས་ཏོག་པར་གྱུར། ༢༦-༢༧ གཟི་བརྗིད་ཀྱི་རེ་བ་མཱ་ཤི་ཀ་ཁྱེད་ནང་བཞུགས་པའི་གསང་བའི་དཔལ་འབྱོར་ཕྱི་པའི་ཁྲོད་དུ་ཇི་ལྟ་བུ་ཞིག་ཡིན་པ། ཉིད་ཀྱི་སྐྱེས་བུ་དམ་པ་རྣམས་ལ་མངོན་པར་མཛད་པར་དགྱེས་པས། གསང་བ་དེ་བསྐལ་པ་ནས་བསྐལ་པ་དང་། མི་བརྒྱུད་ནས་མི་བརྒྱུད་ཐམས་ཅད་ལ་སྦས་ཀྱང་། སྐྱེས་བུ་དམ་པ་དེ་རྣམས་ལ་མངོན་པར་མཛད་དོ། ༢༨ མི་རེ་རེ་མཱ་ཤི་ཀ་པ་ཕུལ་ཏུ་འབྱུང་བ་འགྱུར་བའི་ཕྱིར། ང་ཚོས་མི་རེ་རེ་ལ་སྐུལ་ཞིང་ཤེས་བྱ་ཐམས་ཅད་ལ་སློབ་ཅིང་ཁོང་གི་མཚན་སྒྲོག་གོ། ༢༩ དེས་ན་ངའི་ནང་ཕྲིན་ལས་མཛད་པའི་ཁོང་གི་མཐུ་སྟོབས་བཞིན་དུ། ངས་རྩོལ་བས་འབད་དོ༎