༤
དེའི་ཕྱིར་ངས་བརྩེ་ཞིང་གདུང་བའི་སྤུན། ངའི་དགའ་སྤྲོ་དང་གཙུག་རྒྱན་འདྲ་བའི་གཅེས་པ་རྣམས། གཙོ་བོ་ལ་དད་ཅིང་བརྟན་པར་གནས་ཤིག༢ གཙོ་བོའི་ཕྱིར་མཐུན་པར་འགྱུར་ཅིག་ཅེས་ངས་ཨེ་ཝོད་ཡཱ་དང་སིན་ཏི་ཀེ་ལའང་སྐུལ་ལོ། ༣ ཀྱེ་ངའི་ལས་རོགས་དྲང་པོ། ཁྱེད་ཀྱིས་བུད་མེད་དེ་གཉིས་ལ་རོགས་རམ་བྱེད་པའི་ཕྱིར་ཞུ་བ་འབུལ་ལོ། དེ་གཉིས་ཀྱིས་ཀ་ལེ་མེན་ལ་སོགས་པའི་ངའི་ལས་རོགས་རྣམས་དང་བཅས་ངའི་ཟླ་ལ་ཕྲིན་བཟང་གི་ཕྱིར་འཐབ་པ་ཡིན། ཚེ་མཐའ་མེད་པའི་མདོའི་ནང་དེ་ཚོའི་མིང་འཁོད་ཡོད། ༤ རྟག་ཏུ་གཙོ་བོ་ལ་ཡིད་རངས་པར་འགྱུར་ཅིག ཡིད་རངས་པར་འགྱུར་ཅིག ཅེས་ཡང་སྐྱར་སྨྲའོ། ༥ ཁྱེད་ཚོའི་སེམས་དུལ་བ་དེ་མི་ཐམས་ཅད་ལ་སྟོན་ཅིག གཙོ་བོ་འབྱོན་པར་ཉེའོ། ༦ གང་ལའང་སེམས་ཁྲལ་མི་བྱེད་པར། རྣམ་པ་ཐམས་ཅད་དུ་ཁྱེད་ཚོའི་དགོས་པ་རྣམས་ཞུ་བ་དང་སྨོན་ལམ་གྱི་སྒོ་ནས་གཏང་རག་དང་བཅས་དཀོན་མཆོག་ལ་ཞུས་ཤིག ༧ བློ་ལས་འདས་པའི་དཀོན་མཆོག་གི་ཞི་བདེས། མཱ་ཤི་ཀ་ཡེ་ཤུའི་ངང་ན་ཁྱེད་ཚོའི་སྙིང་དང་བསམ་པ་རྣམས་སྲུང་བར་འགྱུར་རོ༎
༨ མདོར་ན་སྤུན་རྣམས། བདེན་པ་གང་ཡིན་པ་དང་། བཙུན་པ་གང་ཡིན་པ་དང་། དྲང་པོ་གང་ཡིན་པ་དང་། གཙང་མ་གང་ཡིན་པ་དང་། ཡིད་དུ་འོང་བ་གང་ཡིན་པ་དང་། མཛེས་པ་གང་ཡིན་པ་དང་། དྲག་པ་གང་ཡིན་པ་དང་། བསྟོད་འོས་པ་གང་ཡིན་པ་རྣམས་ལ་བསམ་བློ་ཐོང་ཞིག ༩ ཁྱེད་ཚོས་ང་ལས་ཅི་བསླབས་པ་དང་། བླངས་པ་དང་། ཐོས་པ་དང་། མཐོང་བ་དེ་བྱོས་ཤིག ཞི་བདེ་གནང་བའི་དཀོན་མཆོག་ཁྱོད་དང་མཉམ་དུ་བཞུགས་པར་འགྱུར་རོ༎
༡༠ དུས་འགའ་ཞིག་གི་རྗེས་སུ་ངའི་དོན་དུ་ཡང་སྐྱར་ཁྱེད་ལ་ཤ་ཚ་བྱུང་བས། གཙོ་བོ་དྲན་ཞིང་རབ་ཏུ་དགའོ། ཤ་ཚ་སྔོན་ལ་ཡོད་ཀྱང་ཁྱེད་ལ་སྐབས་མ་བྱུང་། ༡༡ ངའི་དགོས་འདོད་ལ་བལྟས་ཏེ་དེ་ལྟར་མི་ཟེར། ཅིའི་ཕྱིར་ཞེ་ན། ངས་གནས་སྐབས་ཐམས་ཅད་དུ་ཆོག་ཤེས་པ་བསླབས་པ་ཡིན། ༡༢ དམན་ཆ་གཟུང་བའང་ཤེས། ལོངས་སྤྱོད་པའང་ཤེས། འགྲང་བ་དང་ལྟོགས་པ། འབེལ་པོ་དང་དཀོན་པོ་ཅི་འབྱུང་བ་ཐམས་ཅད་ཐེག་པའི་གསང་བ་བསླབས་སོ། ༡༣ ང་ལ་སྟོབས་གནང་མཁན་གྱི་མཐུས་ཐམས་ཅད་ནུས་སོ། ༡༤ འོན་ཀྱང་ཁག་པོའི་དུས་སུ་ང་ལ་རོགས་རམ་བྱས་པས་ཐུགས་རྗེ་ཆེ། ༡༥ ཕྲིན་བཟང་འགོ་བཙུག་པའི་དུས་སུ། ང་མ་ཀེ་དོན་ཡུལ་ནས་འགྲོ་བའི་ཚེ་ཁྱེད་ཚོ་ཕི་ལིབ་པི་པ་རྣམས་ཀྱིས་མ་གཏོགས་པར། གཞན་ཆོས་ཚོགས་གང་གིས་ཀྱང་གཏོང་ལེན་གྱི་རོགས་རམ་མ་བྱས་པ་ཁྱེད་ལ་རྒྱུས་ཡོད། ༡༦ ཐེ་ས་ལོ་ནི་ཀེ་རུའང་ཁྱེད་ཚོས་ང་ལ་རོགས་རམ་ལན་གཉིས་བྱས་བྱུང་། ༡༧ ངས་གསོལ་རས་མི་འཚོལ་གྱི། ཁྱེད་ཚོར་ཕན་པའི་དད་པའི་འབྲས་བུ་འཚོལ་ལོ། ༡༨ ང་ལ་ཚང་མ་ཐོབ་པ་མ་ཟད་ལྷག་པའང་ཐོབ། ཨེ་པཱབ་རོ་དི་ཏུ་རྒྱུད་དཀོན་མཆོག་དགྱེས་ཤིང་ཐུགས་སུ་འབྱོན་པའི་དྲི་ཞིམ་གྱི་མཆོད་པ་ཁྱེད་ཚོས་བསྐུར་བ་འབྱོར་ནས་ང་ཡིད་ཚིམ་མོ། ༡༩ ངའི་དཀོན་མཆོག་གི་ཉིད་ཀྱི་དཔལ་འབྱོར་གྱི་ནང་ནས། ཁྱེད་ཚོར་དགོས་པ་ཐམས་ཅད་མཱ་ཤི་ཀ་ཡེ་ཤུ་རྒྱུད་ནས་གནང་བར་འགྱུར་རོ། ༢༠ ང་ཚོའི་དཀོན་མཆོག་ཡབ་ལ་རྒྱུན་ནས་རྒྱུན་དུ་བསྟོད་བསྔགས་པར་གྱུར་ཅིག ཨ་མེན༎