༣
མདོར་ན་ངའི་སྤུན་རྣམས། གཙོ་བོ་ལ་ཡི་རང་བར་གྱུར་ཅིག དོན་གཅིག་རང་ཡང་ཡང་འབྲི་བ་ལ་ང་མི་བསུན་གྱི། ཁྱོད་ཚོའི་ཕྱིར་ཕན་ནོ། ༢ ཁྱི་ཡིན་པ་རྣམས་ལ་ཟོན་བྱོས་ཤིག ལས་ངན་བྱེད་པ་རྣམས་ལ་ཟོན་བྱོས་ཤིག ཡ་ཧུ་དཱ་པའི་རྟགས་དང་ལྡན་པ་རྣམས་ལ་ཟོན་བྱོས་ཤིག ༣ ལུས་ལ་བློ་གདེང་མི་བྱེད་པར། དཀོན་མཆོག་ལ་ཐུགས་ཉིད་ཀྱི་སྒོ་ནས་བསྙེན་བཀུར་བྱེད་ཅིང་མཱ་ཤི་ཀ་ཡེ་ཤུ་ངོམ་པ་ང་ཚོ། བདེན་པའི་རྟགས་དང་ལྡན་པའི་དཀོན་མཆོག་གི་མི་སྡེ་ཡིན། ༤ ང་རང་ལུས་ལ་བལྟས་ཀྱང་བློ་གདེང་གི་རྒྱུ་ཡོད། སུ་ཞིག་ལ་ལུས་ལ་བལྟས་ཏེ་བློ་གདེང་བྱེད་པའི་རྒྱུ་ཡོད་ན། ང་ལ་ལྷག་པར་དུ་ཡོད། ༥ ང་ནི་ཞག་བརྒྱད་པ་ལ་རྟགས་དང་ལྡན་ཏེ། མི་བརྒྱུད་ནི་ཨིས་ར་ཨེལ་པ། སྡེ་ནི་བེན་ཡ་མིན་པ། ཨིབ་རི་པ་ནས་ཆད་པའི་ཨིབ་རི་པ། ཚུལ་ཁྲིམས་ནི་ཕ་རུ་ཤི་པ། ༦ འདུན་པ་ནི་ཆོས་ཚོགས་ལ་འཚེ་བ་པོ། བཀའ་ཁྲིམས་ཀྱི་རྣམ་པར་དག་པ་ལ་བལྟས་ཏེ་སྐྱོན་མེད་ཡིན། ༧ འོན་ཀྱང་ངའི་ཁེ་དང་འདྲ་བ་རྣམས་མཱ་ཤི་ཀའི་དོན་དུ་གུན་དུ་བརྩིས་པ་ཡིན། ༨ ངའི་གཙོ་བོ་ལགས་པའི་ཡེ་ཤུ་མཱ་ཤི་ཀ་རྟོགས་པ་ཤིན་ཏུ་རིན་ཐང་ཆེ་བས། གཞན་ཐམས་ཅད་གུན་དུ་རྩིའོ། ༩ མཱ་ཤི་ཀ་རྙེད་པའི་ཕྱིར། བཀའ་ཁྲིམས་ལ་རག་ལས་པའི་དགེ་རྩ་ང་ལ་མེད་ཅིང་། མཱ་ཤི་ཀ་ལ་དད་པའི་སྒོ་ནས་བྱུང་བའི་དད་པ་ལ་རག་ལུས་པའི་དཀོན་མཆོག་གི་ཐུགས་རྗེའི་ཞལ་ཆེ་དང་ལྡན་པར་ཤེས་ཏེ། ཁོང་གི་དོན་དུ་ཐམས་ཅད་གུན་དུ་རྩི་ཞིང་། ཕྱག་དར་ལྟར་རྩིའོ། ༡༠ ཁོང་ཉིད་དང་གཤིན་པོ་ལས་སྐུ་གསོན་པོར་བཞེངས་པའི་མཐུ་ནུས་རྟོགས་པ་དང་། ཁོང་གྲོངས་པ་དང་འདྲ་བར་འཆི་ཞིང་། ཁོང་གི་སྡུག་བསྔལ་ངས་མྱོང་བ་དང་། ༡༡ ཐུབ་ན་གཤིན་པོའི་ཁྲོད་ལས་གསོན་པོར་ལང་བ་ནི་ངའི་འདོད་དོན་ནོ༎༡༢ དེ་ནི་ཐོབ་ཟིན་པ་དང་ང་མཐར་ཕྱིན་པའི་དོན་ལ་མ་ཡིན། མཱ་ཤི་ཀ་ཡེ་ཤུས་ང་དོན་གང་གི་ཕྱིར་འཛིན་པ་དེ་ངས་འཛིན་པའི་ཕྱིར་དུ་སྙེགས་སོ། ༡༣ ངས་དེ་འཛིན་ཡོད་པ་མི་སེམས་པར། རྒྱབ་ལ་ཡོད་པ་དེ་བརྗེད་དེ། མདུན་དུ་ཡོད་པའི་ཕྱོགས་སུ་འཚང་ཞིང་། ༡༤ དཀོན་མཆོག་གིས་མཱ་ཤི་ཀ་ཡེ་ཤུའི་ངང་ན་ང་སྟེང་དུ་བོས་པར་མཛད་པའི་གནང་སྦྱིན་རྙེད་ཆེད་དམིགས་ཡུལ་ཕྱོགས་སུ་ང་རྒྱུག་གོ། ༡༥ ང་ཚོ་མཐར་ཕྱིན་ཚད་ལ་དེ་ལྟ་བུའི་སེམས་སྐྱེད་དགོས། གལ་ཏེ་ཁྱེད་ཚོར་བསམ་པ་མི་འདྲ་བ་ཅི་ཞིག་ཡོད་ན། དཀོན་མཆོག་གིས་དེའང་སྟོན་པར་འགྱུར། ༡༦ ཅི་ཡིན་རུང་གང་དུ་བསླེབས་ཡོད་པའི་ཚད་དང་བསྟུན་ཏེ། ད་དུང་ཡང་དེ་ཕྱོགས་སུ་རྒྱུག་དགོས།
༡༧ སྤུན་རྣམས། ཁྱེད་ཚོ་གཅིག་ཏུ་ཁ་མཐུན་ནས་ངའི་ལད་མོ་བྱོས་ཤིག ང་ཚོའི་དཔེ་བཞིན་དུ་སྤྱོད་མཁན་རྣམས་ལ་ལྟོས་ཤིག ༡༨ མི་མང་པོས་ནི་མཱ་ཤི་ཀའི་རྒྱང་ཤིང་གི་དགྲ་བོ་ལྟར་སྤྱོད་དོ་ཞེས་ངས་ཁྱོད་ཚོར་ལན་མང་སྨྲས་ཤིང་། ད་ལྟ་མིག་ལ་མཆི་མ་དང་བཅས་ཟེར་རོ། ༡༩ དེ་ཚོའི་མཐའ་མ་འཆི་བ་ཡིན། དེ་ཚོའི་དཀོན་མཆོག་གྲོད་པ་ཡིན། སའི་དངོས་པོ་རྣམས་སེམས་ཤིང་། རང་གི་ངོ་ཚ་བའི་དཔལ་ངོམ་པར་བྱེད་དོ། ༢༠ འོན་ཀྱང་ང་ཚོའི་ཕ་ཡུལ་ནི་ནམ་མཁའ་ན་ཡོད། དེ་ཕྱོགས་ནས་སྐྱབས་མགོན་ལགས་པའི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་འབྱོན་པ་ལ་ང་ཚོ་སྒུག་གོ། ༢༡ ཐམས་ཅད་ཉིད་ཀྱི་དབང་དུ་བསྡུ་ནུས་པའི་མཐུ་སྟོབས་ལྡན་པ་ཁོང་གིས། ང་ཚོའི་ཐ་མལ་པའི་ལུས་བསྒྱུར་ནས། ཉིད་ཀྱི་ལྷན་ནེ་བའི་སྐུ་ལུས་དང་འདྲ་བར་མཛད་པར་འགྱུར་རོ༎