༢
ཁྱེད་ཚོ་དང་། ལའོ་དི་ཀཱ་པ་དང་། ངའི་གདོང་མ་མཐོང་བ་ཐམས་ཅད་ཀྱི་དོན་དུ། ངས་ཇི་ཙམ་བརྩོན་པ་ཁྱེད་ཚོས་ཤེས་པར་ང་འདོད་དོ། ༢-༣ དེ་ནི་ཁྱེད་ཚོར་སྙིང་རུས་སྐྱེད་འཇུག་པ་དང་། བྱམས་པའི་སེམས་ཀྱིས་གཅིག་ཏུ་འགྱུར་བ་དང་། ངེས་པར་རྟོགས་པའི་འབྱོར་པ་དང་ལྡན་ཞིང་། དཀོན་མཆོག་གི་གསང་བའམ། ཤེས་རབ་དང་རིག་པའི་གཏེར་ཐམས་ཅད་སྦས་ཡོད་པའི་མཱ་ཤི་ཀ་རྟོགས་པའི་ཕྱིར་རོ། ༤ སུས་ཀྱང་ཁྱེད་ཚོ་སླུ་བའི་གཏམ་གྱིས་འཁྲུལ་བར་མི་བྱེད་པའི་ཕྱིར་འདི་ཞུ་ཞིང་། ༥ ངའི་ལུས་ཁྱེད་ཚོ་མཉམ་མེད་རུང་། སེམས་ཁྱེད་ཚོ་མཉམ་ཡོད་དེ། ཁྱེད་ཚོའི་ཚུལ་མཐུན་དང་མཱ་ཤི་ཀ་ལ་དད་པ་བརྟན་པོར་ཡོད་པ་ཤེས་ནས་དགའོ། ༦ ཁྱེད་ཚོས་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་བླངས་པས་མཱ་ཤི་ཀ་པ་ལྟར་སྤྱོད་ཅིག ༧ ཁོང་ནང་རྩ་བ་བརྐྱངས་ཏེ་ཡར་སྐྱེད་ལ། བསླབས་པ་བཞིན་དུ་གཏང་རག་མང་དུ་འབུལ་ཞིང་དད་པའི་ནང་བརྟན་པོར་སྡོད་ཅིག༨ མཱ་ཤི་ཀ་དང་མི་མཐུན་པར། སྲིད་པའི་ལྷ་དང་མིའི་གནའ་སྲོལ་དང་མཐུན་པའི་ལྟ་བ་དང་ཟོལ་ཟོག་གིས། སུས་ཀྱང་ཁྱེད་མི་འཛིན་པའི་ཕྱིར་གཅང་གྲུང་བྱོས་ཤིག ༩ དཀོན་མཆོག་སྐུའི་རྣམ་པར་མཱ་ཤི་ཀའི་ནང་བཞུགས་སོ། ༡༠ དབང་དང་སྲིད་ཐམས་ཅད་ཀྱི་དབུ་ལགས་པའི་མཱ་ཤི་ཀའི་ནང་ཁྱེད་ཚོའི་ཚེ་ཕུལ་དུ་བྱུང་ངོ་། ༡༡ ཁོང་གི་ངང་ན་ཁྱེད་ཚོར་ལག་པས་མ་རེག་པའི་རྟགས་དང་ལྡན་པ་དེ་བྱུང་། དེ་ནི་བདག་འཛིན་གྱི་གོས་ཕུད་པའི་མཱ་ཤི་ཀའི་ལུགས་ཀྱི་རྟགས་བླངས་པ་དེའོ། ༡༢ ཁྲུས་གསོལ་གྱི་སྒོ་ནས་ཁྱེད་ཚོ་ཁོང་དང་མཉམ་དུ་ཤི་ནས་དུར་དུ་བཅུག་ཁོང་གཤིན་པོའི་ཁྲོད་ལས་སྐུ་གསོན་པོར་སླངས་པའི་དཀོན་མཆོག་གི་མཐུ་སྟོབས་ལ་དད་པས། ཁོང་དང་མཉམ་དུ་གསོན་པོར་ཡང་ལངས་པ་ཡིན། ༡༣ རྟགས་དང་མི་ལྡན་པར་ཉེས་སྐྱོན་གྱིས་ཤི་བ་ཡིན་པ་ཁྱེད་ཚོར་ཉེས་སྐྱོན་ཐམས་ཅད་ལ་བཤགས་པ་གནང་སྟེ། ཉིད་དང་མཉམ་དུ་གསོན་པོར་མཛད་དོ། ༡༤ བཀའ་རྒྱའི་བུན་ཡིག་ང་ཚོ་ལ་སྐྱོན་འགེལ་བ་དེ་ལ་སེལ་རྒྱབ་ནས། རྒྱང་ཤིང་ཁར་གཟེར་གྱིས་སྦྱར་ནས་མེད་པར་མཛད་དོ། ༡༥ དབང་དང་སྲིད་ཀྱི་མཚོན་ཆ་ཤུས་ནས་རྒྱང་ཤིང་གི་ཐབས་ཀྱིས་དེ་དག་ལས་རྣམ་པར་རྒྱལ་བའི་ཁྲོམ་སྟོན་མཛད་དོ༎
༡༦ དེའི་ཕྱིར་བཟའ་བ་དང་བཏུང་བ་དང་དུས་བཟང་དང་ནམ་གང་དང་ཤབ་བཱད་ལ་བལྟས་ཏེ་སུས་ཀྱང་ཁྱེད་ཚོར་མཚང་འབྲུ་རུ་མ་འཇུག ༡༧ དེ་ནི་འོང་བར་འགྱུར་བ་རྣམས་ཀྱི་གྲིབ་མ་འབའ་ཞིག་ཡིན་ནོ། ལུས་ནི་མཱ་ཤི་ཀའི་ཡིན་ནོ། ༡༨ རང་ལ་སྨད་པ་དང་། ཕོ་ཉ་ལ་བསྙེན་བཀུར་བྱེད་པ་དང་། མཐོང་སྣང་ལ་སྟེན་པ་དང་། འཇིག་རྟེན་གྱི་བློ་གྲོས་ཀྱིས་དོན་མེད་དུ་རང་མཐོང་སྐྱེད་ཅིང་། དབུ་ལགས་པ་ལ་དམ་དུ་མི་བཟུང་བར། ཁྱེད་ཚོའི་བྱ་དགའ་འཕྲོག་ཏུ་མ་འཇུག་ཅིག ༡༩ དབུ་ནས་སྐུ་ལུས་ཧྲིལ་པོ་ཚིགས་དང་རྒྱུས་པས་སྦྲེལ་ཏེ་འཚོ་ཞིང་དཀོན་མཆོག་གི་མཐུ་ལས་ཆེར་སྐྱེད་དོ༎
༢༠ སྲིད་པའི་ལྷ་རྣམས་ལ་བལྟས་ཏེ་ཁྱེད་མཱ་ཤི་ཀ་དང་མཉམ་དུ་ཤི་བ་ཡིན་ན། འཇིག་རྟེན་པ་ལྟར་ཅི་ལ་འཚོ། འདི་ལ་མ་འཆང་། འདི་ལ་མ་མྱང་། ༢༡ འདི་ལ་མ་རེག་ཟེར་བའི་བསྲུང་བྱ་ཅི་ལ་སྲུང་། ༢༢ དེ་རྣམས་མི་ཡིས་བཟོས་པའི་བསྲུང་བྱ་དང་ལྟ་བ་ཡིན་པས། སྤྱད་ཀྱང་སྟོངས་འགྲོའོ། ༢༣ དེ་རྣམས་ཀྱིས་ཆོས་ལ་མོས་པ་དང་། རང་ལ་སྨད་པ་དང་། ལུས་ལ་དཀའ་བ་སྤྱོད་པར་བསྐུལ་བས། ཤེས་རབ་ལྟར་སྣང་ཡང་། མིའི་འདོད་པ་འགེགས་པའི་ཕྱིར་ཅིའང་མི་ཕན་ནོ༎