༣
ཁྱེད་ཚོ་མཱ་ཤི་ཀ་དང་མཉམ་གསོན་པོར་ལངས་པས། དཀོན་མཆོག་གི་ཕྱག་གཡས་སུ་མཱ་ཤི་ཀ་བཞུགས་སར་ཡོད་པའི་སྟེང་གི་བྱ་བ་རྣམས་ཚོལ་ཞིག ༢ འཇིག་རྟེན་གྱི་བྱ་བ་རྣམས་ལ་མ་སེམས་པར། སྟེང་གི་བྱ་བ་རྣམས་སོམས་ཤིག ༣ ཁྱེད་ཚོ་ཤི་ཟིན་ནས། ཁྱེད་ཚོའི་མི་ཚེ་མཱ་ཤི་ཀ་དང་ལྷན་དུ་དཀོན་མཆོག་ནང་སྦས་ཡོད། ༤ ང་ཚོའི་མི་ཚེ་ལགས་པའི་མཱ་ཤི་ཀ་མངོན་པའི་དུས་སུ། ཁྱེད་ཚོའང་ཁོང་དང་མཉམ་དུ་གཟི་བརྗིད་དང་ལྡན་ཞིང་མངོན་པར་འགྱུར་རོ༎༥ དེའི་ཕྱིར་ལོག་གཡེམ་དང་། མི་གཙང་བ་དང་། ཆགས་པ་དང་། འདོད་པ་ངན་པ་དང་། ནོར་ལྷ་ལ་བསྟེན་པ་དང་འདྲ་བའི་བརྣབ་སེམས་ལ་སོགས་པའི་རང་ནང་གནས་པའི་འཇིག་རྟེན་པའི་གཤིས་ལུགས་སོད་ཅིག ༦ དེ་ཚོའི་རྐྱེན་གྱིས་དཀོན་མཆོག་གི་ཐུགས་ཁྲོ་འབབ་བོ། ༧ སྔར་དེ་རྣམས་ནང་འཚོ་བའི་ཚེ་ཁྱེད་ཚོས་དེ་ལྟར་སྤྱད་ཀྱང་། ༨ ད་ལྟ་དེ་ཐམས་ཅད་དང་། ཁྲོ་བ་དང་། གཏུམ་པ་དང་། གནོད་སེམས་དང་། སྐྱོན་མཚང་འདྲུ་བ་དང་། ཁ་ནས་ཚིག་ངན་སྨྲ་བ་སྤོངས་ཤིག ༩-༡༠ ཁྱེད་ཚོས་གཤིས་རྙིང་པ་དང་དེའི་ལས་རྣམས་ཕྱིར་ཕུད་ནས། རྟོགས་པ་རྙེད་པའི་ཕྱིར་དུ་མཛད་པ་པོའི་སྐུ་དབྱིབས་དང་མཚུངས་པར་གསོ་བའི་གཤིས་གསར་པ་གྱོན་པས། ཕན་ཚུན་རྫུན་མ་སྨྲ་ཞིག ༡༡ མཱ་ཤི་ཀ་ནི་ཐམས་ཅད་ལགས་ཤིང་། ཐམས་ཅད་ནང་ཡོད་དེ། འདིར་ཧེལ་ལེན་པའམ་ཡ་ཧུ་དཱ་པ། གཙང་མའམ་གཙང་མ་མིན་པ། མཐའ་ཁོབ་བམ་ཡང་ཁོབ༼མ་ཡིག་ཏུ་སི་ཁེའུ་ཐེ་པ༽། ཚེ་གཡོག་གམ་རང་དབང་ལྡན་པའི་མི་ཞེས་དབྱེ་བ་མེད་དོ། ༡༢ དཀོན་མཆོག་གིས་འདམས་པའི་དམ་པ་དང་གཅེས་པའི་ཚུལ་དུ། སྙིང་རྗེ་དང་། བཀའ་དྲིན་དང་། དམན་སེམས་དང་། སྙེམས་ཆུང་དང་། བཟོད་པའི་གོ་ཆ་གྱོན་ནས། ༡༣ ཕན་ཚུན་ཐེག་ཅིང་། མི་མཐུན་པ་ཡོད་ན་བཟོད་པ་སྒོམས་ཤིག གཙོ་བོས་ཁྱེད་ཚོར་བཟོད་པ་མཛད་པ་ལྟར་ཁྱེད་ཚོས་ཀྱང་བཟོད་པ་སྒོམས་ཤིག ༡༤ ཚང་མའི་ཐོག་ཏུ་ཡང་དག་པར་མཐུན་པའི་བྱམས་པའི་སྐ་རགས་ཆིངས་ཤིག ༡༥ སྐུ་ལུས་གཅིག་གི་ཡན་ལག་འདྲར་བོས་པར་མཛད་པའི་དོན་མཱ་ཤི་ཀའི་ཞི་བདེས་ཁྱེད་ཀྱི་སྙིང་ལ་སྲིད་མཛད་པར་ཤོག བཀའ་དྲིན་དྲན་ཅིག ༡༦ ཕན་ཚུན་ཤེས་རབ་ཐམས་ཅད་ལ་སློབ་ཅིང་སྟོན་པའི་ཚེ་དང་། གསུང་མགུར་དང་མགུར་མ་དང་དཀོན་མཆོག་ལ་སྙིང་ཐག་པ་ནས་གཏང་རག་གི་སེམས་ཉིད་ཀྱི་དབྱངས་འབུལ་བའི་ཚེ། མཱ་ཤི་ཀའི་བཀའ་ཁྱེད་ནང་དཔག་ཏུ་མེད་པར་བཞུགས་ཤིག ༡༧ ལུས་ངག་གི་སྒོ་ནས་ཅི་བྱེད་ཀྱང་། གཙོ་བོ་ཡེ་ཤུའི་མཚན་རྗོད་ཅིང་། ཁོང་བརྒྱུད་དཀོན་མཆོག་ཡབ་ལ་གཏང་རག་ཕུལ་ཞིག
༢༠ བུ་རྣམས། ཅི་ས་ནས་ཕ་མའི་བཀའ་ལ་ཉོན། དེ་ལ་གཙོ་བོ་དགྱེས་སོ། ༢༡ ཕ་རྣམས་བུ་རྣམས་ཡིད་མི་མུག་པའི་ཕྱིར་ཁྲོར་མ་ཆུག་ཅིག
༢༢ གཡོག་པོ་རྣམས། འཇིག་རྟེན་གྱི་ལུགས་སུ་དཔོན་པོ་ཡིན་པ་ལ། ངོ་སོ་བྱེད་མཁན་ལྟར་མིག་མཐོང་གི་གཡོག་མི་བྱེད་པར། གཙོ་བོ་ལ་འཇིགས་ཤིང་བློ་དྲང་པོས་ཅི་ས་ནས་ཁ་ལ་ཉོན་ཅིག ༢༣ བྱ་བ་ཅི་བྱེད་ཀྱང་མིའི་ཕྱིར་མི་བྱེད་པར་གཙོ་བོའི་ཕྱིར་བྱེད་པ་ལྟར་བརྩོན་འགྲུས་ཀྱིས་བྱོས་ཤིག ༢༤ གཙོ་བོའི་འབངས་བྱེད་པས། གཙོ་བོ་ནས་གནང་སྦྱིན་གྱི་ནོར་སྐལ་ཐོབ་འོང་བ་ཤེས་སོ། ༢༥ ངན་པ་བྱེད་མཁན་ལ་ངན་པ་བྱས་པའི་ལན་ཐོབ་པར་འགྱུར། དེར་ཕྱོགས་རིས་མེད་དོ༎