༢
སྤུན་རྣམས། ཁྱེད་ཚོས་ང་ཚོ་ནང་དུ་བསུས་པ་དོན་མེད་དུ་མ་གྱུར་པ་ཁྱེད་ཚོས་ཤེས་སོ། ༢ ཕི་ལིབ་པི་རུ་ང་ཚོར་སྡུག་བསྔལ་དང་བརྙས་པ་བྱུང་བ་ཁྱེད་ལ་ཆ་ཡོད། དེའི་འོག་ཏུ་བཀག་སྡོམ་ཆེ་རུང་དཀོན་མཆོག་གི་ཕྲིན་བཟང་ཁྱེད་རྣམས་ལ་སྒྲོག་པར་དཀོན་མཆོག་གི་ངང་ན་སྙིང་སྟོབས་དང་ལྡན་པར་གྱུར་ཏོ། ༣ ང་ཚོའི་སྐུལ་མ་ནི་འཁྲུལ་པའམ་དྲི་མ་ཅན་དང་། གཡོ་སྒྱུའི་སྒོ་ནས་ཀྱང་མིན་ཏེ། ༤ དཀོན་མཆོག་གིས་ང་ཚོའི་ཚོད་གཟིགས་ནས་ཕྲིན་བཟང་བཅོལ་བ་བཞིན་དུ། ང་ཚོས་མི་རྣམས་དགའ་ཕྱིར་མ་ཡིན་པར། སྙིང་གི་ཚོད་གཟིགས་པའི་དཀོན་མཆོག་དགྱེས་པའི་ཕྱིར་སྨྲའོ། ༥ ང་ཚོས་ངོ་སོའི་གཏམ་ནམ་ཡང་མ་ལབ་པ་ཁྱེད་ལ་ཆ་རྒྱུས་ཡོད། གཏམ་དེ་བརྣབ་སེམས་ཀྱི་ཡོལ་བ་ལྟར་མ་ཡིན་པ་དཀོན་མཆོག་གིས་མཁྱེན་ནོ། ༦ མཱ་ཤི་ཀའི་སྐུ་ཚབ་ཡིན་ཏེ་དབང་བྱེད་ཐུབ་ཀྱང་། ཁྱེད་ཚོའམ་གཞན་སུ་ལས་ཀྱང་སྟི་སྟང་མ་བཙལ་བར། ༧ མས་རང་གི་ཕྲུ་གུ་སྐྱོང་བ་ལྟར། ཁྱེད་ཚོའི་ཁྲོད་དུ་ང་ཚོ་དུལ་བར་གནས་ཏེ། ༨ ཁྱེད་ཚོ་གཅེས་པར་འཛིན་པས། ཁྱེད་ཚོར་དཀོན་མཆོག་གི་ཕྲིན་བཟང་མ་ཟད་ང་ཚོའི་སྲོག་ཀྱང་སྟེར་བར་འདོད་པ་ཙམ་དུ་ཁྱེད་ཚོར་ཆགས་སོ། ༩ ཁྱེད་སྤུན་རྣམས་ལ་དཀོན་མཆོག་གི་ཕྲིན་བཟང་བཤད་པའི་རིང་ལ། ཁྱེད་ཚོ་སུ་ལའང་དཀའ་ཚེགས་མི་གཏོང་བའི་ཕྱིར། ཉིན་མཚན་མེད་པར་ལག་ལས་བྱས་པའི་ང་ཚོའི་འབད་རྩོལ་ཁྱེད་ཚོའི་ཡིད་ལ་ཡོད། ༡༠ ཁྱེད་ཚོ་དད་ལྡན་རྣམས་ལ་ང་ཚོ་དམ་པ་དང་དྲང་པོ་དང་སྐྱོན་མེད་ཇི་ལྟར་བྱུང་བའི་དཔང་པོ་ཁྱེད་ཚོ་རང་དང་དཀོན་མཆོག་གོ། ༡༡-༡༢ ཉིད་ཀྱི་རྒྱལ་སྲིད་དང་གཟི་བརྗིད་ལ་འགུག་པའི་དཀོན་མཆོག་ལ་འོས་པར་སྤྱོད་པའི་ཕྱིར། ཕས་རང་གི་ཕྲུ་གུར་གང་བྱེད་པ་ལྟར། ཁྱེད་ཚོར་བསླབ་བྱ་དང་སེམས་གསོ་དང་གདམས་ངག་བཏང་བ་ཁྱེད་ཚོར་རྒྱུས་ཡོད།༡༣ ང་ཚོ་ལས་ཐོས་པའི་དཀོན་མཆོག་གི་བཀའ། ཁྱེད་ཚོས་མིའི་གཏམ་བཞིན་མ་བླངས་པར། ཁྱེད་ཚོ་དད་ལྡན་རྣམས་ཀྱི་ནང་ཕྲིན་ལས་མཛད་པའི་ཡང་དག་པའི་དཀོན་མཆོག་གི་བཀའ་ལྟར་བླངས་པས། ང་ཚོས་རྒྱུན་ཆད་མེད་པར་དཀོན་མཆོག་ལ་གཏང་རག་འབུལ་ལོ། ༡༤ ཡ་ཧུ་དཱ་རུ་ཡོད་པའི་མཱ་ཤི་ཀ་པའི་ཆོས་ཚོགས་ལ་ཡ་ཧུ་དཱ་པས་གཙེས་པ་བཞིན་དུ་ཁྱེད་ལའང་རང་གི་ཡུལ་མིས་གཙེས་པས་ཆོས་ཚོགས་དེ་ཁྱེད་ཚོས་དཔེ་རུ་བཟུང་ངོ་། ༡༥ ཡ་ཧུ་དཱ་པས་གཙོ་བོ་ཡེ་ཤུ་དང་ལུང་སྟོན་པ་རྣམས་བཀྲོངས། ང་ཚོ་སྐྲད། དཀོན་མཆོག་མཉེས་པར་མི་བྱེད། ང་ཚོར་ལྷ་ཆོས་པ་ལ་ཐར་པའི་ཆོས་འཆད་པར་བཀག་ཅིང་མི་ཐམས་ཅད་ལ་དགྲ་བྱེད་པས། ༡༦ དེ་དག་གི་སྡིག་པའི་ཚད་འགེངས་སོ། འོན་ཀྱང་མཐར་དེ་ཚོའི་ཐོག་ཏུ་ཐུགས་ཁྲོ་བབས་སོ༎
༡༧ སྤུན་རྣམས། ཡུན་འཐུང་ངུ་ཞིག་གི་ཕྱིར་ལུས་ཀྱི་ལུགས་སུ་ང་ཚོ་ཁྱེད་ཚོ་དང་བྲལ་ཀྱང་། སེམས་ཀྱི་ལུགས་སུ་མ་བྲལ་ཞིང་། ཁྱེད་ཚོའི་གདོང་མཐོང་ཕྱིར་དུང་བས་ལྷག་པར་བརྩོན་པ་ནི། ༡༨ ང་ཚོ་ཁྱད་པར་དུ་ང་པའུ་ལུ་ཡང་ཡང་ཁྱེད་ཚོའི་རྩར་འོང་བར་འདོད་པས་ཡིན་ཏེ། འོན་ཀྱང་བདུད་ཀྱིས་བཀག་བྱུང་། ༡༩ གཙོ་བོ་ཡེ་ཤུ་ཕེབས་པའི་དུས་སུ་ཁོང་གི་དྲུང་དུ་ང་ཚོའི་རེ་བ་དང་། དགའ་སྤྲོ་དང་། གཙུག་རྒྱན་ངོམ་རྒྱུ་དེ་ཁྱེད་ཚོ་མ་ཡིན་ནམ། ༢༠ ཁྱེད་ཚོ་ནི་ང་ཚོའི་དཔལ་དང་དགའ་སྤྲོ་ཡིན་ནོ༎