༣
དེའི་ཕྱིར་ལྷག་པར་བཟོད་པར་མ་ནུས་པ་དང་། ང་ཚོ་ཨ་ཐེ་ནེ་རུ་གཅིག་པུར་ལུས་ཀྱང་ཆོག་བསམས་ཏེ། ༢ མཱ་ཤི་ཀའི་ཕྲིན་བཟང་ཕྱིར་དཀོན་མཆོག་གི་ཞབས་ཏོག་པ་ཡིན་པའི་སྤུན་ཏི་མོ་ཐེའུ་ཁྱེད་ཀྱི་དད་པ་སྤེལ་བ་དང་། ༣ སྡུག་བསྔལ་འདི་ཡིས་ཁྱོད་ཚོའི་དད་པ་མི་ཉམས་པའི་དོན་དུ་བསླབ་བྱ་སྟོན་པའི་ཕྱིར་བཏང་ངོ་། སྡུག་བསྔལ་མྱོང་བ་ནི་ང་ཚོའི་སྐལ་བ་ཡིན་པ་ཁྱེད་ཚོས་ཤེས་སོ། ༤ ཁྱེད་ཀྱི་རྩར་ཡོད་དུས་སུ། སྡུག་བསྔལ་འཁུར་དགོས་ཞེས་ཞུས་པ་དེ་ཁྱེད་ཚོས་ཤེས་པ་བཞིན་དུ་ད་བྱུང་ངོ་། ༥ ཉམས་སད་པ་པོས་ཁྱེད་ཚོར་སད་ཅིང་། ང་ཚོའི་འབད་རྩོལ་ཆུད་ཟོས་སུ་འགྲོ་བར་དོགས་པས། ཁྱེད་ཀྱི་དད་སེམས་ཤེས་པའི་ཕྱིར་སྒུག་མ་ཐུབ་པས་ཁོ་བཏང་བ་ཡིན།༦ ད་ཏི་མོ་ཐེའུ་ཁྱེད་ཀྱི་དྲུང་ནས་ཕྱིར་ལོག་ནས། ཁྱེད་ཀྱི་དད་པ་དང་། བྱམས་པ་དང་། རྟག་ཏུ་ང་ཚོ་དྲན་པ་དང་། ང་ཚོས་ཁྱེད་ཕྲད་པ་ལ་གདུང་བ་ལྟར་ཁྱེད་ཚོའང་ང་ཚོ་ཕྲད་པ་ལ་གདུང་བའི་ལོན་བཟང་པོ་སྤྲད་པས། ༧ ང་ཚོས་དཀའ་ལས་དང་སྡུག་བསྔལ་མྱང་ཡང་། ཁྱེད་སྤུན་རྣམས་ཀྱི་དད་པའི་རྐྱེན་གྱིས། ང་ཚོའི་སེམས་བདེ་བར་གྱུར་ཏོ། ༨ གཙོ་བོའི་ནང་ཁྱེད་བརྟན་པོར་གནས་ན་ང་ཚོ་གསོན་ནོ། ༩ ཁྱེད་ཚོའི་སྐོར་དུ་ང་ཚོར་བྱུང་བའི་དགའ་སྤྲོ་ཐམས་ཅད་ཀྱི་ཕྱིར་དཀོན་མཆོག་ལ་སྐུ་དྲིན་ཇི་ལྟར་གསབ་པར་བྱ། ༡༠ ཁྱེད་ཚོའི་གདོང་མཐོང་བ་དང་། ཁྱེད་ཚོའི་དད་པའི་ནང་མི་ཚང་བ་དེ་ཚང་བའི་ཕྱིར་ཉིན་མཚན་མེད་པར་སྨོན་ལམ་དྲག་ཏུ་འདེབས་སོ༎
༡༡ ང་ཚོའི་ཡབ་ལགས་པའི་དཀོན་མཆོག་དང་། ང་ཚོའི་གཙོ་བོ་ཡེ་ཤུས་ཁྱེད་ཀྱི་ཕྱོགས་སུ་ང་ཚོ་འཁྲིད་པར་ཤོག་ཅིག ༡༢ ང་ཚོས་ཁྱེད་ལ་བྱམས་པ་ལྟར་ཁྱེད་ཚོའི་ནང་ལ་ཕན་ཚུན་བྱམས་པ་དང་མི་ཐམས་ཅད་ལ་བྱམས་པ་འཕེལ་ཞིང་རྒྱས་པ་གཙོ་བོས་མཛད་པར་ཤོག་ཅིག ༡༣ དེ་ནས་ང་ཚོའི་གཙོ་བོ་ཡེ་ཤུ་ཉིད་ཀྱི་ཕོ་ཉའི་ཚོགས་དང་བཅས་སུ་ཕེབས་པའི་ཚེ། ང་ཚོའི་དཀོན་མཆོག་ཡབ་ཀྱི་སྤྱན་སྔར་ཁྱེད་ཚོ་སྐྱོན་མེད་དམ་པ་འབྱུང་བའི་ཕྱིར་བརྟན་པོ་མཛད་པར་འགྱུར་རོ༎