མཐར་ཐུག་ཏུ་སྤུན་རྣམས། དཀོན་མཆོག་དགྱེས་པའི་སྤྱོད་ལམ་ཇི་ལྟར་བྱེད་དགོས་པ་ང་ཚོས་བསླབས་པ་བཞིན་དུ་ཁྱེད་ཚོས་བྱེད་ཅིང་། ད་དུང་ལྷག་པར་བྱོས་ཤིག་ཅེས་གཙོ་བོ་ཡེ་ཤུའི་ཕྱོགས་ནས་ཞུ་ཞིང་གདམ་མོ།  གཙོ་བོ་ཡེ་ཤུའི་ཕྱོགས་ནས་ང་ཚོས་ཁྱེད་ཚོར་བཏང་བའི་བསླབ་བྱ་ཁྱེད་ཀྱིས་ཤེས་སོ།  ཁྱེད་ཚོས་འདོད་ཆགས་སྤངས་ཏེ་དམ་པར་འགྱུར་བ་དཀོན་མཆོག་གི་ཐུགས་དགོངས་ཡིན་པས།  རང་གི་ལུས་དམ་པ་དང་བཀུར་སྟི་དང་ལྡན་པར་འཇོག་མི་ཤེས་ཤིང་།  དཀོན་མཆོག་མི་ཤེས་པའི་ལྷ་ཆོས་པ་དང་འདྲ་བར་ཁྱེད་ཚོས་འདོད་ཆགས་ནང་དུ་འཇོག་པ་མི་རིགས་སོ།  ང་ཚོས་ཁྱེད་ཚོར་སྔོན་དུ་བརྡ་སྐུལ་བྱས་པ་བཞིན་དུ། གཙོ་བོ་ནི་ལས་དེ་ཐམས་ཅད་ཀྱི་གནོད་ལན་ལེན་མཁན་ཡིན་པས། སུས་ཀྱང་དེ་ལས་མི་འགལ་ཞིང་། སྤུན་ལ་ལོག་པར་མ་བྱེད་ཅིག  དཀོན་མཆོག་གིས་ང་ཚོ་མི་གཙང་བར་འགྱུར་དུ་མ་བོས་ཀྱིས། དམ་པར་འགྱུར་དུ་བོས་པར་མཛད་དོ།  དེའི་ཕྱིར་དེ་ལ་བརྙས་པ་དེས་མི་ལ་མི་བརྙས་ཀྱི། ཁྱེད་ལ་དམ་པའི་ཐུགས་ཉིད་གནང་བའི་དཀོན་མཆོག་ལ་བརྙས་སོ༎
 ཕན་ཚུན་བྱམས་པར་བྱེད་པ་ཁྱེད་ལ་དཀོན་མཆོག་གིས་བསླབས་པས། སྤུན་ལ་བྱམས་པའི་སྐོར་དུ་སུས་ཀྱང་ཁྱོད་ཚོར་འབྲི་དགོས་མི་འདུག་སྟེ། ༡༠ མ་ཀེ་དོན་ཡཱ་ཡོངས་སུ་སྤུན་རྣམས་ལ་ཁྱེད་ཀྱིས་བྱམས་པ་ཁོ་ན་བྱེད་དོ། འོན་ཀྱང་ད་དུང་ལྷག་པར་བྱོས་ཤིག་ཅེས་སྐུལ་ལོ། ༡༡-༡༢ ཕྱི་པ་རྣམས་ཀྱི་མཐོང་ངོར་སྤྱོད་ལམ་མཛེས་པ་དང་། གཞན་ལ་རེ་ལྟོས་མི་དགོས་པའི་ཕྱིར། ཁ་རོག་སྡོད་པ་དང་། རང་གི་ལས་ལ་དོན་གཉེར་དང་། རང་གི་ལག་པས་འབད་པའི་ཕྱིར། ང་ཚོས་བསྒོ་བ་བཞིན་བྱེད་པ་ལ་བརྩོན་ཞིག
༡༣ སྤུན་རྣམས། རེ་བ་མེད་པའི་མི་གཞན་རྣམས་དང་འདྲ་བར་ཁྱེད་ཀྱིས་མྱང་ངན་མི་བྱེད་པའི་ཕྱིར། གྲོངས་པ་རྣམས་ཀྱི་སྐོར་དུ་ཁྱེད་ཚོས་ཤེས་པ་ལ་ང་ཚོ་དགའོ། ༡༤ ཡེ་ཤུ་གྲོངས་ནས་སྐུ་གསོན་པོར་བཞེངས་པ་ལ་ང་ཚོ་ཡིད་ཆེས་པ་བཞིན་དུ། དཀོན་མཆོག་གིས་གྲོངས་པ་རྣམས་ཡེ་ཤུའི་ངང་ན་ཁོང་དང་མཉམ་དུ་འཁྲིད་པར་འགྱུར་རོ། ༡༥ ང་ཚོས་གཙོ་བོའི་བཀའ་ལས་འདི་ལྟར་འཆད་དེ། གཙོ་བོ་མ་འབྱོན་པའི་བར་དུ་ལུས་ཤིང་ང་ཚོ་གསོན་པོ་རྣམས་གྲོངས་པ་རྣམས་ལས་སྔོན་མར་མི་འགྱུར་རོ། ༡༦ འུར་སྒྲ་དང་། ཕོ་ཉ་མཆོག་གི་སྐད་དང་། དཀོན་མཆོག་གི་དུང་སྐད་སྒྲ་དང་བཅས་སུ་གཙོ་བོ་ཉིད་ནམ་མཁའ་ནས་འབྱོན་དུས། དང་པོར་མཱ་ཤི་ཀ་པ་གྲོངས་པ་རྣམས་ལང་བར་འགྱུར། ༡༧ དེ་ནས་ང་ཚོ་གསོན་པོར་ལུས་པ་རྣམས་སྤྲིན་གྱི་ནང་དེ་ཚོ་དང་མཉམ་དུ་བར་སྣང་ལ་གཙོ་བོ་མཇལ་ཕྱིར་འདྲེན་པར་འགྱུར་ཏེ། གཏན་དུ་གཙོ་བོ་དང་ལྷན་ཅིག་ཏུ་གནས་པར་འགྱུར་རོ། ༡༨ ཕན་ཚུན་གཏམ་འདི་ཡིས་སེམས་གསོ་བར་གྱིས་ཤིག།